༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཌོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། སློབ་གྲྭ་འདི་ཉིད་བོད་སློབ་འཛིན་ཚོགས་ནས་ཆུར་རྩིས་བླངས་ཟིན་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཀའ་ཤག་རིམ་པས་ལོ་ངོ་ ༣༠ ལྷག་རིང་བོད་སློབ་འཛིན་ཚོགས་ནས་ཚུར་ཤེས་རིག་ལས་ཁུངས་སུ་རྩིས་ལེན་ནས་ཤེས་ཡོན་ཡར་རྒྱས་འགྲོ་གི་རེད། གང་ཡིན་ཞེ་ན། དགེ་རྒན་དང་ལས་བྱེད་བོད་མི་ཡིན་སྟབས་སོ་སོའི་སློབ་ཕྲུག་ལ་རང་བཞིན་གྱིས་ཤ་ཚ་ཆེ་བ་ཡོང་རྒྱུ་དང་། དེ་བཞིན་སློབ་ཕྲུག་ཡིན་ནའང་སློབ་སྦྱོང་བྱེད་རྒྱུར་དོ་དབྱིངས་ཆེ་བ་དང་སློབ་སྦྱོང་ཡར་རྒྱས་འགྲོ་གི་རེད། ཅེས་ཡིད་ཆེས་བྱས་པའི་ཐོག་ནས་སློབ་གྲྭ་ཚུར་རྩིས་ལེན་རྒྱུའི་འབད་བརྩོན་བྱས་ཡོད།
བཀའ་ཤག་སྐབས་ ༡༤ དང་ ༡༥ སྐབས་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་གཞུང་གི་ཤེས་རིག་ལས་ཁུངས་སུ་ཕལ་ཆེར་ཐེངས་བརྒྱད་ཅུ་རྒྱ་གྲངས་བཅར་བ་རེད། ང་རང་ལ་མཚོན་ནའང་ཕལ་ཆེར་ཐེངས་ ༣༠ ཙམ་བཅར་བ་ཡིན། ད་ཆ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་སློབ་གྲྭ་ཁག་ཆུར་རྩིས་བླངས་ཟིན་པ་རེད། དཀའ་ལས་དེ་འདྲ་ཞིག་བརྒྱབ་ཡོད། ལོ་ ༣༠་་༤༠ རིང་དཀའ་ལས་བརྒྱབ་པའི་གྲུབ་འབྲས་སྨིན་ཡོད། ད་སློབ་སྦྱོང་ཡག་པོ་ཡོང་དང་མི་ཡོང་ཁྱེད་རང་ཚོའི་ཕྱག་ཏུ་ཡོད། སློབ་སྦྱོང་གི་གནས་ཚད་བཟང་དུ་འགྲོ་དགོས་ཀྱི་ཡོད། ངས་དུས་རྒྱུན་དུ་དེ་ལྟར་བཤད་ཀྱི་ཡོད། ཤེས་ཡོན་དེ་ཕུན་སུམ་ཚོགས་པ་ཞིག་ཡོང་བར་ལག་པའི་མཛུབ་མོ་ལྔ་ནང་བཞིན་ཆ་རྐྱེན་ཁག་ལྔ་མེད་དུ་མི་རུང་བ་ཆགས་ཡོད། ཆ་རྐྱེན་ཁག་ལྔ་དེ་གང་རེད་ཞུས་ན། བོད་མིའི་སྒྲིག་འཛུགས་དང་། སློབ་སྤྱི་དང་ལས་བྱེད། དགེ་རྒན། སློབ་ཕྲུག ཕ་མ་བཅས་ཆ་རྐྱེན་ལྔ་པོ་དེ་དག་ཡ་མ་བྲལ་བ་ཞིག་དང་ཟུང་དུ་འབྲེལ་བའི་ཐོག་ནས་འགྲོ་དགོས་པ་ཞིག་ངེས་པར་དུ་ཆགས་འདུག
དང་པོ། བོད་མིའི་སྒྲིག་འཛུགས་ངོས་ནས་སློབ་གྲྭའི་འཛིན་ཁང་དང་འཛིན་ཆས། ཀློག་དེབ་སོགས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དེ་རེད། སློབ་གྲྭ་འདིར་མཐུན་རྐྱེན་མ་འདང་བ་དེ་འདྲ་ཡོད་ཟེར་བྱུང་། གང་ཅིའི་ཐད་ནས་མཐུན་རྐྱེན་དགོས་མཁོའི་རིགས་སྒྲིག་འཛུགས་ནས་གང་ཐུབ་ཅི་ཐུབ་མཐུན་རྐྱེན་སྦྱར་གྱི་རེད། དེ་བཞིན་ལམ་སྟོན་ཡང་གནང་རྒྱུ་རེད། ཤེས་རིག་ལས་ཁུངས་ནས་སྲིད་བྱུས་གཏན་འབེབས་གནང་རྒྱུ་དང་ཀློག་དེབ་པར་སྐྲུན་གནང་རྒྱུའི་རིགས་བོད་མིའི་སྒྲིག་འཛུགས་ནས་གནང་གི་རེད།
གཉིས་པ། སློབ་སྤྱི་དང་ལས་བྱེད་རྣམ་པ་རེད། སློབ་སྤྱི་དང་ལས་བྱེད་རྣམ་པས་སྒྲིག་འཛུགས་དམ་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་སྐབས་རེ་དགེ་རྒན་རྣམ་པ་ནད་དགོངས་སོགས་ཞུ་སྐབས་དེའི་ཚབ་ཏུ་བསྐོ་གཞག་གནང་རྒྱུ་རིགས་སློབ་སྤྱི་དང་ལས་བྱེད་རྣམ་པའི་འགན་རེད།
གསུམ་པ། དགེ་རྒན་རྣམ་པའི་འགན་རེད། འདིར་ས་གནས་སུ་དགེ་རྒན་གསར་པ་མང་པོ་ཕེབས་ཡོད། དགེ་རྒན་ན་གཞོན་མང་པོ་འདུག རྣམ་པ་ཚོ་སློབ་གྲྭ་གཞན་དུ་དགེ་རྒན་གནང་མྱོང་བ་དང་ཉེ་ཆར་སློབ་སྦྱོང་མཐར་ཕྱིན་ཏེ་འདིར་ཕེབས་ཡོད་སྟབས། དམིགས་བསལ་དོ་དབྱིངས་ཡག་པོ་ཡོད་རེད་བསམ་གྱི་འདུག གང་ཡིན་ཞེ་ན། བོད་པའི་སློབ་ཕྲུག་གཅིག་ལ་བོད་པའི་དགེ་རྒན་གྱིས་སློབ་ཁྲིད་གནང་རྒྱུའི་གོ་སྐབས་ཐོབ་པ་འདི་ཧ་ཅང་རྩ་ཆེན་པོ་རེད་བསམ་གྱི་འདུག གཉིས་ནས་ང་ཚོའི་སློབ་ཕྲུག་ཚོ་ལ་བརྩེ་བ་དང་ཚོར་བ་ཡོད་པའི་ཐོག་ནས་སློབ་ཁྲིད་གནང་རྒྱུ་དེ་དགེ་རྒན་ཚོའི་འགན་རེད།
ང་རང་དེ་སྔ་སློབ་ཕྲུག་ཡིན་སྐབས་དགེ་རྒན་ཡག་པོ་ཞིག་བྱུང་རོགས་བྱེད་ན་བསམ་པ་དྲན་མྱོང་ཡོད། དགེ་རྒན་ཡག་པོ་དེ་དག་དུས་ད་ལྟ་ཡིན་ནའང་སེམས་ནང་དྲན་བཞིན་འདུག ཕྲུ་གུ་ཆུང་ཆུང་ཡིན་ནའང་ཆུང་དུས་སྐབས་ནས་དགེ་རྒན་ཡག་སྡུག་དབྱེ་འབྱེད་ཐུབ་ཀྱི་ཡོད། དེར་བརྟེན་དགེ་རྒན་རྣམ་པ་ཚོས་ད་བར་སློབ་ཁྲིད་ཡག་པོ་གནང་བ་དེ་མུ་མཐུད་རྒྱུན་སྐྱོང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ་དགེ་རྒན་རྣམ་པ་ཚོར་དེ་བཞིན་འགན་ཁུར་རོགས་གནང་ཞེས་ཞུ་རྒྱུ་ཡིན།
བཞི་པ། སློབ་ཕྲུག་ཚོའི་འགན་རེད། སློབ་ཕྲུག་ཁྱེད་རང་ཚོ་གཙོ་བོ་ཤེས་ཡོན་དོན་གཉེར་ཆེད་འདིར་སླེབས་པ་ཡིན་སྟབས་སློབ་སྦྱོང་ཡང་པོ་བྱེད་དགོས། འཛིན་གྲྭ་ཚོགས་པའི་སྐབས་སྣང་བ་གཡེང་རྒྱུ་མེད། དགེ་རྒན་རྣམ་པས་སློབ་ཁྲིད་གནང་སྐབས་ཡག་པོ་ཉན་ནས་སོ་སོའི་སེམས་ནང་འཇུག་ཐུབ་པ་བྱེད་དགོས། ཁྱེད་རང་ཚོ་སློབ་སྦྱོང་བྱེད་སྐབས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སློབ་སྦྱོང་དང་དོ་སྣང་གནང་དགོས། ང་ཚོ་རྒྱལ་ཁབ་གཞན་གྱི་སློབ་ཕྲུག་དང་མི་འདྲ་བར་བོད་ཀྱི་རྩ་དོན་རྩོད་བཞིན་ཡོད། བོད་ཀྱི་རྩ་དོན་རྩོད་སྐབས་ལས་འགན་འཕར་མ་ཞིག་ཁྱེད་རང་ཚོར་ཡོད། ལས་འགན་མང་བ་དང་ཆེ་བ་ཡོད་སྟབས། སློབ་སྦྱོང་ཐོག་ལའང་དོ་སྣང་དང་ཧུར་བརྩོན་མང་བ་བྱེད་དགོས། ང་ཚོར་དམིགས་བསལ་ལས་འགན་ཆེན་པོ་ཞིག་ཡོད། སློབ་ཕྲུག་རྣམས་ནས་ཐ་མ་ཁ་དང་ཉལ་ཐ་རིགས་རྩ་བ་ཉིད་ནས་འཐེན་རྒྱུ་མེད། འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས།
སྔ་པ། ཕ་མ་ཚོའི་འགན་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།