ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། ཁྲིམས་ཞིབ་པ་གཞན་གཉིས་མཆོག་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུའི་ཆ་རྐྱེན་འོག དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག དབུས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ནས་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་རྣམ་གཉིས་མཐའ་མའི་འོས་གཞིར་འདེམས་ཐོན་བྱུང་ཡོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་གནང་ཆེད་སྤྱི་འཐུས་རྣམས་ཀྱིས་མཐའ་མའི་འོས་གཞིར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ཀྱིས་འོས་ཤོག་བླུགས་ཡོད་པའི་ཁོངས་ནས་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ལ་འོས་གྲངས་ ༢༡ ཐོབ་ཡོད་པ་དང། ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ལ་འོས་གྲངས་ ༡༩ ཐོབ་པར་བརྟེན། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསལ་བསྒྲགས་གནང་ཡོད།
དྲུང་འཕར་ཀརྨ་དགྲ་འདུལ་ལགས་ནི། ཕྱི་ལོ་ ༡༩༥༨ ཟླ་ ༧ ཚེས་ ༡ ཉིན་སྐྱེས་ཤིང་བོད་དུ་དུས་ལོག་དབང་གི་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭར་བསྐྱོད་རྒྱུའི་གོ་སྐབས་ཐོབ་པ་བཞིན་སློབ་མཐར་གསོན་རྗེས། རང་གཞུང་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱི་བཀའ་དགོངས་བཞིན་དྭང་སློབ་ཏུ་དྲག་སློབ་ཁོངས་ཆེད་བསྐྱོད་ཀྱིས་ལོ་ཤས་ཞབས་ཞུ་རྗེས། ལུགས་མཐུན་རྩ་དགོངས་ཞུས་རྗེས་མུ་མཐུད་ལས་རིགས་སློབ་སྦྱོང་ཐོག་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་། ཕྱི་ལོ་ ༡༩༧༦-༧༧ ལོར་ལྡི་ལིར་རང་གཞུང་དཔལ་ལྡན་བཀའ་ཤག་གི་ཐད་བཀར་འཛིན་སྐྱོང་འོག་སྲི་ཞུ་བ་ལས་བྱེད་གྲངས་བདུན་དང་། ཁྱབ་ཁོངས་འདེམས་སྒྲུག་གི་གཞོན་སྐྱེས་ ༥ ལ་ཆབ་སྲིད་ལ་མཁོ་གནད་ཆེ་བའི་ལས་རིགས་སློབ་སྦྱོང་ལོ་གཅིག་རིང་གནང་ཁོངས་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཐོབ།
དེ་རྗེས་སླར་ཡང་སྤྱི་ཚོགས་ནང་ཞབས་ཞུ་བྱ་འདོད་དབང་གིས་ས་གནས་སྦེལ་ཀོབ་བདེ་སླར་མཉམ་འབྲེལ་གྱི་ཚོང་ལས་འགན་འཛིན་ལོ་ཤས་གནང་། ལས་བྱེད་བདག་གཉེར་ཁང་ནས་བསྐོ་གཞག་གནང་དོན་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་དང་། ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༣ ནས་གནས་རིམ་རང་འཇགས་ཐོག་ཧོན་སུ
ཕྱི་ལོ་ ༡༩༩༨ ལོར་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཨི་ཛི་རལ་དུ་མཉམ་འབྲེལ་གྱི་ལས་གཞི་ཁག་དང་དེ་བཞིན་དངུལ་ཁང་ཆུང་རིགས་ཀྱི་ལས་དོན་ཞུ་ཕྱོགས་ཐོག་ཟབ་སྦྱོང་དུ་བསྐྱོད་ནས་ཕྱིར་འཁོར་མཚམས་སྦེལ་ཀོབ་གཞིས་གསར་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་དྲུང་ཆེར་བསྐོ་གཞག་གནང་དོན་བཞིན་ལས་བཅར་ཞུས།
ཕྱི་ལོ་ ༢༠༠༡ ལོར་གནས་འཕར་གྱི་བདེ་སླར་ས་གནས་ཀྱི་གཞིས་འགོར་བསྐོ་གཞག་གིས་ཕྱི་ལོ་༢༠༠༦ བར་ཞབས་ཞུ་དང་། ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་སྤྱི་ཁྱབ་འགན་འཛིན་(CEO) ཐོག་ཞབས་གཡར་ལོ་གཉིས་དང་ཕྱེད་ཀ་རིང་གནང་།
ཕྱི་ལོ་ ༢༠༠༩ ལོར་དབུས་ཀྱི་གཞིས་ཆགས་མན་སྤར་ཕན་བདེ་གླིང་དུ་ས་གནས་འགོ་འཛིན་ལ་བསྐོ་བཞག་གནང་དོན་བཞིན་ལས་བཅར་ཞུས། ཕྱི་ལོ་ ༢༠༡༡ ལོར་གནས་འཕར་ཐོག་མན་སྤར་ནས་འབྲས་ལྗོངས་སྒང་ཏོག་ས་གནས་འགོ་འཛིན་ལ་བསྐོ་བཞག་གནང་དོན་བཞིན་ལས་བཅར་ཞུས། ཕྱི་ལོ་ ༢༠༡༣ ལོར་སྒང་ཏོག་ནས་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དུ་བསྐོ་བཞག་བྱུང་དོན་བཞིན་ལས་བཅར་ཞུས།
ཕྱི་ལོ་ ༢༠༡༦ ལོར་གནས་འཕར་གྱི་ལྷོ་གཞིས་ཁག་གི་སྤྱི་ཁྱབ་སྦེང་ལོར་ལྷོ་སྤྱིར་བསྐོ་བཞག་ཐོག་སྔ་འཕྲོས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཆིབས་སྒྱུར་བཀྲིན་ཆེ་སྐབས། ལྷོ་སྤྱི་དང་སྦེལ་ཀོབ་ལུགས་བསམ་གཞིས་འགོའི་ལས་འགན་གཅིག་ལྕོགས་ཟླ་གསུམ་ཞུས་རྗེས། ལྷོ་སྤྱིའི་ལས་དོན་ཁག་འཐུས་གཙང་ཞུས།
ཕྱི་ལོ་ ༢༠༡༧ ལོ་མཇུག་ལ་བཀའ་ཤག་བཀའ་འབྲེལ་ལྟར་སྦེང་ལོར་ལྷོ་སྤྱི་ནས་རྡ་ས་ཆོས་རིག་ལས་ཁུངས་སུ་གནས་སྤོས་ཀྱི་ལས་བཅར་ཞུས་པར་བཀོད་ཁྱབ་ནང་གསལ་ཆོས་རིག་དྲུང་འཕར་ལས་འགན་ཐོག་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེའི་སྣེ་ཤན་ཞབས་ཞུས་ཞུ་མུས་དང་། གོང་གསལ་གཞིས་ཆགས་ཁག་ནང་ལས་དོན་ཇི་བྱེད་དང་གྲུབ་འབྲས་ཇི་ཐོན་ཡིག་རྫོབ་མི་ཡོང་སླད་ཆེད་བཀོད་ཞུས་མེད། རྩ་བའི་ས་གནས་ཁག་གི་ལས་དོན་ཁག་ཞིབ་ཕྲ་ལོ་ལྟར་ལས་བསྡོམས་ནང་འབུལ་མུས་ཡིན་པའི་ཐོག དེའི་སྐབས་དེའི་ཚེ་ས་གནས་གང་སར་ལས་དོན་མཐའ་དག་ལམ་ལྷོངས་གང་ལེགས་བྱུང་བ་འདི་དག་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མི་ཡོངས་ཀྱི་དབུ་ཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བྱིན་རླབས་ཐོག་རང་གཞུང་ལས་ཁུངས་ཁག་གི་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན། ལྷག་པར་མཉམ་བཤིབས་ཞུས་སྐབས་ལས་ཀྱི་སྣེ་མོ་བ་དང་ཁྱབ་ཁོངས་མི་མང་། དེ་བཞིན་ལྷག་བསམ་དང་ཤེས་ཡོན་ཟུང་དུ་འབྲེལ་བའི་བློ་དཀར་གཤམ་འོག་ལས་བྱེད་པ་རྣམས་ཀྱི་མཐུན་འགྱུར་མཉམ་བསྡུས་ཀྱི་གྲུབ་འབྲས་ཡིན་པ་དུས་རྟག་ཏུ་སེམས་ཐོག་དགའ་སྤོབས་ཞུ་མུས་ཡིན་པ་བཅས། །