༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ (John McCain) མཆོག་ཕྱི་ལོ་ ༡༩༣༦ ལོར་ཡབ་(ཇོན་ཨེས་མེ་ཁེན་John S. McCain) ལགས་(ཨ་རིའི་མཚོ་དམག་གི་དམག་སྤྱི་) དང་ཡུམ་(རོ་སྦར་ཀྲ་མེ་ཁེན་Roberta McCain) ལགས་གཉིས་ཀྱི་སྲས་སུ་ Coco Solo Panama Canal Zone དུ་སྐུ་འཁྲུངས་ཏེ་དགུང་ལོ་ ༨༢ ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༥ ཕྱི་དྲོ་ཆུ་ཚོད་ ༤།༢༨ ཐོག་སྙུན་གཞིའི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
དམ་པ་དེ་ཉིད་སྐུ་ན་ཆུང་དུས་ནས་ལས་དོན་གང་ཐད་ཐུགས་འཁུར་ཆེ་བཞེས་ཀྱི་འགོ་འཁྲིད་མཁན་གྱི་མི་སྣའི་གྲས་ཤིག་ཆགས་ཐུབ་ཡོད། ཕྱི་ལོ་ ༡༩༥༤ ལོར་ཨ་རིའི་མཚོ་དམག་མཐོ་སློབ་ནང་འཛུལ་ཏེ་ཕྱི་ལོ་ ༡༩༥༨ ལོར་སློབ་ཐོན་བྱུང་བ་དང་། དམ་པ་དེ་ཉིད་སྤོ་སྤོའི་རྗེས་འབྲང་འོག་ཨ་རིའི་གཞུང་གི་མཚོ་དམག་ནང་ཞུགས་ཏེ་གནམ་གྲུའི་ཁ་ལོ་བ་ (Naval Aviator) གནང་འདུག ཁོང་ཉིད་ཁ་ལོ་བ་དྲག་གྲས་ཤིག་ལ་ངོས་འཛིན་གནང་གི་ཡོད།
ཨ་རི་དང་ཝེ་ཏི་ནམ་ (Vietnam) དམག་འཁྲུག་འགྲོ་བཞིན་པའི་སྐབས་དམག་སར་གནམ་གྲུ་ལན་མང་བཏང་གནང་ཡོད། ཕྱི་ལོ་ ༡༩༦༧ ལོར་ཝེ་ཏི་ནམ་ (Vietnam) དམག་མིས་གནམ་གྲུར་གཏོར་རྒོལ་ཐེབས་སྟེ་འཛིན་བཟུང་བྱས་ནས་ཕྱི་ལོ་ ༡༩༧༣ བར་བཙོན་འཇུག་བྱས། ཕྱི་ལོ་ ༡༩༧༣ ཕྱི་ ༣ ཚེས་ ༡༤ ཉིན་བཙོན་གྲོལ་བྱུང་རྗེས་ཁོང་གི་བློ་སྟོབས་དང་རྒྱལ་ཞེན་ལ་དཔའ་བོའི་བྱ་དགའ་མང་པོ་ཐོབ་གནང་འདུག
ཕྱི་ལོ་ ༡༩༨༡ ལོར་མཚོ་དམག་གི་འགོ་པའི་ (Captain) གོ་གནས་ཀྱི་ཐུགས་འགན་བཞེས་མུས་རྒས་ཡོལ་ཕེབས་གནང་བ་དང་དེ་རྗེས་ཆབ་སྲིད་ནང་འཛུལ་ཞུགས་གནང་།
ཕྱི་ལོ་ ༡༩༨༢ ལོར་ཨ་རིའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་སྟེ་སྐུ་ཚེའི་འཕེན་པ་མ་རྫོགས་ཀྱི་བར་གྲོས་ཚོགས་གོང་འོག་གི་ (House of Representatives and Senate) འཐུས་མི་སྔ་རྗེས་ལོ་ངོ་ ༣༥ རིང་ཐུགས་འགན་བཞེས་གནང་བ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་ཆུང་གལ་ཆེ་མང་པོའི་ནང་ཐུགས་འགན་བཞེས་གནང་འདུག གཞན་ཡང་ཨ་རི་དང་རྒྱལ་ཁབ་གཞན་དབར་མཐུན་ལམ་འབྲེལ་མཐུད་གནང་མཁན་གྱི་མི་སྣ་གལ་ཆེ་ཞིག་ཀྱང་བརྩི་བཞིན་ཡོད།
ཨ་རི་དང་ཝེ་ཏི་ནམ་(Vietnam) དམག་འཁྲུག་ལྷིང་འཇགས་བྱུང་སྟེ་ལོ་མང་སོང་རྗེས་སུ་ཝེ་ཏི་ནམ་ལ་ཆེད་ཕེབས་ཀྱིས་འདས་པའི་དམག་འཁྲུག་གི་འཁོན་འཛིན་དོར་ནས་མཛའ་མཐུན་གྱི་འབྲེལ་བ་འཛུགས་ཐབས་གནང་ཡོད་པ་ནི་དམ་པ་དེ་ཉིད་ཀྱི་བྱས་རྗེས་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད། སྤྱིར་བཏང་ནས་ཨ་མི་རི་ཀའི་དམག་དོན་གྱི་མཐུན་གྲོགས་ (NATO) ས་ཁུལ་དུ་ཡང་ཡང་ཕེབས་གནང་བ་དང་། དམག་གི་ས་ཁུལ་གྱི་དངོས་ཡོད་གནས་སྟངས་ལ་ཐུགས་འཁུར་ཞིབ་ཚགས་གནང་མཁན་གྱི་དགོངས་པ་གུ་ཡངས་ཅན་ཞིག་ཡིན་འདུག
ཕྱི་ལོ་ ༢༠༠༠ ལོ་དང་ཕྱི་ལོ་ ༢༠༠༨ ལོ་བཅས་སུ་སྤྱི་མཐུན་ཚོགས་ (Republic) པའི་ངོས་ནས་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་གནང་ཡོད།
དེ་སྔོན་མཚོ་དམག་ནང་ཐུགས་འགན་བཞེས་གནང་ཡོད་པར་བརྟེན་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་དམག་དོན་ཚོགས་ཆུང་ (Senate Armed Services Committee) གི་ཚོགས་གཙོའི་མཛད་འགན་བཞེས་གནང་འདུག
དམ་པ་ཁོང་གིས་མི་ཚེ་ཧྲིལ་པོ་ཨ་རིའི་གཞུང་མང་གཉིས་ལ་ཕུལ་བྱུང་ཞབས་འདེགས་གང་ལེགས་ཞུས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་མང་གཙོ་དང་། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཐུགས་འཁུར་ཆེན་པོ་བཞེས་གནང་མཁན་ཞིག་དང་། ཨ་རིའི་གྲོས་ཚོགས་ནང་དུའང་གོང་གསལ་དོན་གནད་རིགས་ལ་དུས་རྟག་ཏུ་རྒྱབ་སྐྱོར་གྱིས་གསུང་བཤད་གནང་མཁན་གྲས་ཤིག་ཆགས་ཡོད། ལྷག་པར་བོད་དོན་ཐོག་དམིགས་བསལ་གྱི་ཐུགས་འཁུར་ཆེ་བཞེས་ཀྱིས་ཨ་རིའི་གྲོས་ཚོགས་ནང་མུ་མཐུད་རྒྱ་གཞུང་གི་སྲིད་བྱུས་དང་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་ཁོར་ཡུག་བཅས་ལ་དོ་ཕོག་དང་གནོད་སྐྱོན་ཚབས་ཆེ་འགྲོ་བཞིན་པར་འཛམ་གླིང་ཁྱོན་ཡོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་དགོངས་ཚུལ་གསུངས་མཁན་གལ་ཆེའི་མི་སྣ་ཞིག་ཆགས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་སྲིད་འཛིན་འོས་མིའི་ནང་ཞུགས་གནང་སྐབས་གལ་ཏེ་སྲིད་འཛིན་བདམས་ཐོན་བྱུང་ན་བོད་ཀྱི་གནད་དོན་དེ་གཙོ་བོར་ངོས་འཛིན་གནང་རྒྱུའི་འཆར་སྣང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་བོད་མི་མང་དག་ཅིག་རྒྱ་གཞུང་གིས་སྡུག་རྩུབ་དྲག་གནོན་འོག་འདས་གྲོངས་སུ་སོང་བར་ཐུགས་འཚབ་ཧ་ཅང་ཆེན་པོ་བཞེས་སྟེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བའི་ནང་། བོད་ནང་ཛ་དྲག་དང་ཡིད་སྐྱོའི་གནས་སྟངས་དེར་འཛམ་གླིང་གི་རྒྱལ་ཁབ་མང་པོས་དོ་སྣང་དང་། སེམས་འཚབ་བྱེད་དགོས་པ་བྱུང་ཡོད། བོད་མི་རྣམས་སོ་སོའི་ཆོས་དང་རིག་གཞུང་གཅེས་སྐྱོང་གནང་མཁན་ཡིན་པར་དེའི་ཐོག་རྒྱ་གཞུང་གིས་དྲག་ཤུགས་བཙན་གནོན་བྱས་པར་ཐུགས་འཚབ་དང་ཚོར་ཤུགས་ཆེན་པོས་གསུང་གནང་ཡོད།
དམ་པ་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་ཅན་ཞིག་ཡིན་པ་དང་བོད་མི་རྣམས་༸མགོན་པོ་མཆོག་ལ་རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་ཡུལ་ཞིག་དང་། རྒྱ་གཞུང་ནས་ཕྱི་ལོ་ ༢༠༠༨ ལོར་ས་བྱིའི་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་གཙོ་བོ་གང་ཡིན་པ་དེ་༸གོང་ས་མཆོག་གི་ལྷན་དོན་དམ་པའི་གྲོས་མོལ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད། (“The unfolding tragedy in Tibet should draw the attention of the entire world. I deplore the violent crackdown by Chinese authorities and the continuing oppression in Tibet of those merely wishing to practice their faith and preserve their culture and heritage. I have listened carefully to the Dalai Lama and am convinced he is a man of peace who reflects the hopes and aspirations of Tibetans. I urge the government of the People’s Republic of China to address the root causes of unrest in Tibet by opening a genuine dialogue with His Holiness, the Dalai Lama.”) ཕྱི་ལོ་ ༢༠༠༨ ལོར་ Colorado མངའ་སྡེའི་ Aspen ས་གནས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་བྱུང་ཡོད་པ་དང་། རྗེས་སུ་ཡང་མཇལ་འཕྲད་ཐེངས་འགའ་ཤས་ཞུས་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་རྣམས་ཀྱི་ལྷན་དུ་ཡང་མཇལ་འཕྲད་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་སིན་ཌི། ལོའོ། ཧན་སེ་ལེ། མེ་ཁེན་(Cindy Lou Hensley McCain) ལགས་སུ་ཐུགས་གསོའི་བཀའ་ཡིག་བསྩལ་བའི་ནང་། དམ་པ་དེ་ཉིད་མཉམ་ཕྱི་ལོ་ ༢༠༠༨ ལོར་ Colorado མངའ་སྡེའི་ Aspen ས་གནས་སུ་མཇལ་འཕྲད་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་སྦྲགས་དམ་པ་ཁོང་གིས་ཨ་རི་མང་ཚོགས་རྣམས་ཀྱི་ཆེད་ཞབས་འདེགས་གནང་བར་ཡིད་རངས་བསྔགས་བརྗོད་དང་། དམ་པ་ཁོང་གིས་དོན་དམ་པའི་ཐོག་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་བཅས་ཀྱི་ཐད་ཐུགས་འཁུར་ཆེ་བཞེས་གནང་བ་དང་། ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་བཅས་ལ་ཐུགས་འཁུར་ཆེན་པོ་གནང་བ་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་ཐུགས་གསོའི་ཕྱག་བྲིས་གནང་ཡོད།
སྤྱིར་དམ་པ་དེ་ཉིད་ཆབ་སྲིད་ཀྱི་ལྟ་བ་གུ་ཡངས་དང་དྲང་བདེན་འཛིན་མཁན་ཞིག་དང་། བོད་དོན་ཐོག་དམིགས་བསལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་བོད་མིའི་གྲོགས་པོ་བློས་ཐུབ་ཅིག་འདས་གྲོངས་སུ་སོང་བར་བློ་ཕམ་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་དགོས་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ལ།།