༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་ (Shri. Atal Bihari Vajpayee) མཆོག་རྒྱུན་རིང་སྙུང་གཞིའི་རྐྱེན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེམ་སི་ (AIIMS) སྨན་ཁང་དུ་དགུང་ལོ་ ༩༣ ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་ཕྱི་དྲོ་ཆུ་ཚོད་ ༥།༠༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
ཕྱི་ལོ་ ༡༩༢༤ ཟླ་ ༡༢ ཚེས་ ༢༥ ཉིན་དམ་པ་དེ་ཉིད་ཡབ་ཀིར་ཤི་ན་བྷི་ཧཱ་རི་བྷ་ཇི་པ་ཡེ་ལགས་ (Krishna Bihari Vajpayee) དང་ཡུམ་ཀིར་ཤི་ན་ལྡེ་ཝི་ལགས་ (Krishna Devi) གཉིས་ཀྱི་སྲས་སུ་རྒྱ་གར་གྱི་མ་རྡི་སྤ་ལྡེ་ཤི་ (Madhya Pradesh) ས་ཁུལ་ Gwalior རུ་འཁྲུངས། དམ་པ་དེ་ཉིད་ཆུང་དུས་ནས་སློབ་གྲྭ་དང་མཐོ་སློབ་ཏུ་ཕྲུ་གུ་རྩེ་ཕུད་དང་ཨང་ཀི་དང་པོ་བླངས་ནས་བྱ་དགའ་ཐོབ་མཁན་གྲས་ཡིན་པ་དང་། གཞོན་ནུའི་དུས་ནས་ཆབ་སྲིད་ཐོག་དོ་དབྱིངས་ཆེན་པོ་ཡོད་པར་ཚོགས་པ་ཁག་གི་ནང་མཉམ་ཞུགས་དང་ཕྱག་ལས་མང་པོ་གནང་མྱོང་ཡོད།
ལྷག་པར་དུ་ཕྱི་ལོ་ ༡༩༤༢ ལོར་རྒྱ་གར་རང་དབང་འཐབ་རྩོད་ཀྱི་ཀུ་ཝིཀྲ་ཨིན་ཌི་ཡ་མུཕ་མེན་ (Quit India Movement) ནང་མཉམ་ཞུགས་སྐབས་དམ་པ་ཁོང་དང་ཁོང་གི་གཅེན་པོ་རྣམ་གཉིས་ཉིན་ཤས་ཙམ་བཙོན་འཇུག་གནང་འདུག དེ་སྐབས་ནས་དམ་པ་དེ་ཉིད་རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ RSS ཚོགས་མི་ཞིག་ཡིན་འདུག མཐར་ཕྱི་ལོ་ ༡༩༤༤ ལོར་ RSS ཡི་དྲུང་ཡིག་ཆེན་མོའི་ཐུགས་འགན་བཞེས་གནང་ཡོད་པ་དང་།
ཕྱི་ལོ་ ༡༩༥༡ བྷ་རཏ་ཏི་ཡ། ཇ་ན་སང་ག (Bharatiya Janasang) ཞེས་པའི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ནང་འཛུལ་ཏེ་ཕྱག་ལས་གནང་ཡོད།
ཕྱི་ལོ་ ༡༩༥༧ ནས་ཕྱི་ལོ་ ༢༠༠༤ བར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལོ་མང་ཐོག་བདམས་ཐོན་གྱིས་ཐུགས་འགན་རིམ་བཞེས་གནང་ཡོད་པ་དང་། གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་མང་པོའི་ནང་འགན་འཁུར་བཞེས་གནང་ཡོད་འདུག
ཕྱི་ལོ་ ༡༩༨༠ ལོར་བྷི་ཇེ་པི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Bharatiya Janata Party) ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་ཤིག་ཡིན་པ་དང་། ཆབ་སྲིད་ཚོགས་པ་དེའི་ཚོགས་གཙོ་དང་པོའི་ཐུགས་འགན་བཞེས་གནང་ཡོད།
ལྷག་པར་དུ་ཕྱི་ལོ་ ༡༩༩༦ དང་། ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་དང་། ཡང་ཕྱི་ལོ་ ༡༩༩༩ ནས་ ༢༠༠༤ བར་སྐབས་གསུམ་རིང་རྒྱ་གར་སྲིད་བློན་གྱི་ཐུགས་འགན་བཞེས་གནང་ཡོད་པ་དང་། དེ་བཞིན་ཕྱི་སྲིད་བློན་ཆེན་ཡང་གནང་མྱོང་ཡོད།
ཕྱི་ལོ་ ༢༠༡༥ ལོར་དམ་པ་དེ་ཉིད་རྒྱབ་ཁབ་ཀྱི་དབུ་ཁྲིད་ཡང་དག་པ་ཞིག་གི་ངོས་འཛིན་ཐོག་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ། རཏ་ན་ (Bharat Ratna Award) ཞེས་པ་འབུལ་བཞེས་གནང་ཡོད། དེ་མིན་གལ་ཆེའི་གཟེངས་རྟགས་དུ་མ་ཞིག་འབུལ་བཞེས་གནང་ཡོད་འདུག
གཞི་རྩའི་སྲིད་བློན་ཟུར་པ་ཁོང་ནི་རྒྱ་གར་གྱི་རླབས་ཆེན་དབུ་ཁྲིད་གཅིག་ཡིན་པ་མ་ཟད། བོད་དོན་ཐོག་ལ་མཚོན་ནའང་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན།
དམ་པ་དེ་ཉིད་ཕྱི་ལོ་ ༡༩༥༠ ཙམ་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་དྲག་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༤ ལོར་རྒྱ་དཀར་ནག་གཉིས་དབར་བསླབ་པ་ལྔའམ་པན་ཇི་ཤིལ་ (Panchsheel) ཞེས་པའི་ཆིངས་ཡིག་བཞག་པའི་སྐོར་གསུང་སྐབས། རྒྱ་གར་སྲིད་གཞུང་ལ་དེ་འབྲེལ་འདྲི་བརྩད་གནང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོའི་ནང་བོད་ཁྱོན་ཡོངས་རྒྱ་ནག་གཞུང་ནས་བཙན་བཟུང་དྲག་གནོན་བྱེད་སྐབས་རྒྱ་གར་གྲོས་ཚོགས་ནང་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གྲོས་ཚོགས་ཚོགས་དུས་སྐབས་རྒྱ་ནག་ནས་དྲག་གནོན་བྱེད་པ་བཞིན་བོད་ཀྱི་གནས་སྟངས་ཐོག་ཚོགས་འདུ་འཚམས་འཇོག་དགོས་པའི་གྲོས་འཆར་ཡིག་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ཕུལ་གནང་ཡོད་པ་དང་། གྲོས་འཆར་དེའི་ཐོག་མུ་མཐུད་ནས་ཕྱི་ཟླ་ ༤ ཚེས་ ༡ བར་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་བླངས་ཡོད། སླར་ཡང་ཕྱི་ཟླ་ ༨ ཚེས་ ༣ ལ་ཚོགས་འདུ་མཚམས་འཇོག་གི་གྲོས་འཆར་བཏོན་གནང་ཡོད། དེ་བཞིན་བོད་ཀྱི་གནད་དོན་དེ་ཉིད་གལ་སྲིད་རྒྱ་གར་གཞུང་ནས་དམིགས་བསལ་གནང་ཐབས་མེད་ཚེ། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་གཞན་ནས་གླེང་སློང་མ་བྱེད་སྔོན་རྒྱ་གར་གཞུང་ནས་ངེས་པར་གལ་གནད་ཆེན་པོའི་ཐོག་གླེང་སློང་གནང་ཐབས་དགོས་པར་གསུངས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་གནས་བབས་དང་ས་ཆའི་མཐུན་འགྱུར་སྦྱར་བ་ཙམ་གྱི་བོད་མིའི་གནད་དོན་དཀའ་རྙོག་སེལ་མི་ཐུབ་ཅིང་། དེའི་ཐོག་ངེས་པར་དུ་རྒྱ་གར་གཞུང་ནས་གང་ཅིའི་ཐོག་འགན་བཞེས་དགོས་པར་གསུངས་ཡོད། ལྷག་པར་དུ་བོད་ནང་རྒྱ་དམར་གྱིས་བཙན་འཛུལ་བྱས་པའི་ཉེར་ལེན་ལས་ལྷ་སའི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཀྱང་རྒྱ་ནག་གཞུང་ནས་བཀག་ཉར་བྱས་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་མཚམས་ཁག་ལ་ཉེན་ཚབས་ཆེན་པོ་ཡོད་པ་བཅས་ཀྱང་གསུངས་ཡོད།
ཕྱི་ལོ་ ༡༩༦༠ ཕྱི་ཟླ་ ༤ ཚེས་ ༤ ཉིན་སླར་ཡང་གྲོས་ཚོགས་ནང་བོད་མི་སྐྱབས་བཅོལ་ཕེབས་བཞིན་པའི་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་དགོས་པ་དང་འབྲེལ་རྒྱ་གར་གཞུང་ལ་ངག་ཐོག་ནས་འདྲི་བརྩད་དང་འབོད་བསྐུལ་གནང་ཡོད་པ་དཔེར་ན། བོད་མི་ཁག་ཅིག་འགྲོ་ལམ་དུ་འདས་གྲོངས་དང་བོད་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་སྐོར་དང་། དེ་བཞིན་བོད་མི་རྣམས་ཕན་ཚུན་འགྲོ་བསྐྱོད་སྐབས་སྨན་བཅོས་དང་། སྐད་བསྒྱུར་གྱི་མཐུན་འགྱུར་སོགས་སྦྱར་ཡོད་མེད་ཀྱི་འདྲི་བརྩད་གནང་ཡོད་པ་དང་། རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་གར་གྱི་ཁེ་ཕན་དང་རྒྱ་གར་ལ་གནད་འགག་ཆགས་པའི་ཐོག་ནས་ད་ལྟ་བོད་ནང་གཏོར་བཤིག་འགྲོ་བཞིན་པ་འདི་རྒྱ་གར་གྱི་ཕུགས་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུ་ཡིན་པའི་གསུང་བཤད་ཀྱང་གནང་མྱོང་ཡོད།
ལྷག་པར་དུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (All Party Parliamentary Forum for Tibet) སླར་གསོ་གནང་སྐབས་སློབ་སྟོན་པའི་ཐུགས་འགན་དང་། དེས་མ་ཟད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ (World Parliamentarians’ Convention on Tibet) ཐེངས་ ༡ པོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ (Parliament Annexe) ནང་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་གནང་སྐབས་ཁོང་ཉིད་ཀྱང་ཆེད་ཕེབས་གནང་ཡོད།
དམ་པ་ཁོང་ལ་མཚོན་ན་རྒྱ་གར་གྱི་གྲོས་ཚོགས་ནང་ལོ་ངོ་ ༤༠ རིང་རྒྱ་གར་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཐོག་དགོངས་པ་ཆེ་བཞེས་གནང་མཁན་གྱི་མི་སྣ་ཞིག་ཡིན་པ་དང་། སྐབས་དེར་གོ་སྐབས་ནམ་བྱུང་སྐབས་བོད་དོན་སྐོར་གླེང་སློང་གནང་བ་མ་ཟད། བོད་ཀྱི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་རྣམས་ཁུངས་ལྡན་ལུང་འདྲེན་གནང་ཐུབ་མཁན་ཞིག་དང་། རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་ཐོག་བོད་འདི་ཇི་ཙམ་གནད་འགག་ཆགས་ཡོད་པ་གསལ་པོ་མཁྱེན་པའི་ཐོག་ནས་གསུང་ཐུབ་མཁན་ཞིག་ཀྱང་ཡིན། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་མཇལ་འཕྲད་མཛད་མྱོང་ཡོད། དམ་པ་དེ་ཉིད་ཆབ་སྲིད་དབུ་ཁྲིད་ཙམ་མིན་པར་དུས་རྒྱུན་ནས་རྩོམ་སྒྲིག་པ་དང་། སྙན་ངག་པ། ཁོང་གི་གསུང་བཤད་གནང་སྐབས་མི་མང་དཀྱུས་མ་ཡོངས་རྫོགས་ཀྱི་ཡིད་ལ་བབས་པ་དང་རྣ་བར་སྙན་འཇེབས་སྤྲོད་པའི་ནུས་པ་ཅན་གྱི་མི་སྣ་ཞིག་ཡིན་འདུག བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་གྱི་བོད་མིའི་གྲོགས་པོ་བློས་ཐུབ་ཅིག་འདས་གྲོངས་སུ་སོང་བར་བློ་ཕམ་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་འཇོག་དགོས་དུས་ཀྱི་དགོས་མཁོར་མཐོང་།
གྲོས་ཆོད།
སྐུ་གཤེགས་དམ་པ་དེ་ཉིད་ཀྱི་རྨད་བྱུང་མཛད་རྗེས་རྣམས་ལ་གུས་བཀུར་ཆེ་བསྟོད་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་སྐུ་ཚེ་མ་ཟིན་པ་འདིས་བོད་དོན་འཐབ་རྩོད་ལའང་གྱོང་གུད་གོད་ཆག་བྱུང་བར་བརྟེན་ཤུལ་བཞུགས་ནང་མི་ལྟོས་བཅས་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གི་ཕུགས་འདུན་བཟང་པོ་རྣམས་ཡོངས་སུ་འགྲུབ་ཅིང་། བྱས་བསགས་ཉེས་ལྟུང་མཐའ་དག་བྱང་ཞིང་དག་ནས་བདེ་ནས་བདེ་བར་བགྲོད་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ལ།།