ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ རེས་གཟའ་ལྷག་པ། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༣ ནས་༧ བར་ཉིན་གྲངས་ལྔའི་རིང་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་བསྐོང་ཚོགས་ཞུས་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ ༡༤ ཡི་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་ ༡༤ མཉམ་ཞུགས་གནང་ཡོད།
ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ནས་བཟུང་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་དཔར་འགྲེམས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་བཞིའི་ནང་རིམ་བཞིན་བོད་སྐད་བརྒྱུད་ལམ་ཐོག་སློབ་འཁྲིད་བྱ་རྒྱུའི་འགོ་འཛུགས་ཞུས་ཤིང། དེ་འབྲེལ་གྱི་ཟབ་སྦྱོང་ཡང་ཐེངས་ཁ་ཤས་སྤྲད་ཡོད། གོང་གསལ་སློབ་ཁག་གི་དགེ་རྒན་རྣམ་པའི་སློབ་ཁྲིད་ཉམས་མྱོང་ནང་དཀའ་གནད་འཕྲད་སའི་གནད་དོན་ཁག་གསེལ་དཀྲོལ་ཡོང་ཐབས་དང། བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་པའི་སློབ་གྲྭ་ཁག་གི་སྤྱི་ཚོགས་དགེ་རྒན་རྣམས་ལ་གཞི་རིམ་བར་སྤྱི་ཚོགས་ཚན་རིག་སློབ་དེབ་རྒྱུས་སྟོན་སོགས་བྱ་ཆེད་ད་ཐེངས་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་ཞུས་ཡོད་པ་རེད།
ད་ལྟའི་འཆར་སཾ་བྷོ་ཊ་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཅོན་ཏ་ར། བདེ་སྐྱིད་གླིང་། སྤོན་ཊ་གཏན་སློབ་བཅས་ཀྱི་གཞི་རིམ་བར་མར་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་ལག་བསྟར་བྱེད་ཀྱི་ཡོད་ཅིང་། མ་འོངས་པར་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་པའི་སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲངས་གཞན་རྣམས་ལ་རིམ་བཞིན་ལག་བསྟར་བྱ་འཆར་ཡོད་པ་རེད།
ཐེངས་འདིར་ཟབ་འཁྲིད་གནང་མཁན་ནི་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཚེ་རིང་དཔལ་ལྡན་ལགས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་གཉིས་ཡིན་ཞིང། ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཞུས་ཡོད་པ་བཅས། །