༢༠༡༨ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་གྲོང་ཁྱེར་ཤིས་ཁ་གོའི་ Chicago ནང་ཧིན་དུའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས་པ་མ་ཟད། དེ་རྗེས་ས་གནས་བོད་མི་རྣམས་ལ་འཚམས་གཟིགས་དང་གསུང་བཤད་གནང་འདུག དེ་ཡང་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་་གྲུབ་ཚེ་རིང་མཆོག་ཝི་སི་ཀོན་སིན་ནས ༢༠༡༨/༩/༦ ཉིན་ཤིས་ཁ་གོར་ཕེབས་ནས་ཕྱི་ཚེས ༧ ཉིན་གྱི་ཞོགས་པ་ཧིན་དུའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཛད་སྒོར་ཕེབས་ཡོད།
དེ་ནས་ཕྱེད་ཡོལ་ཆུ་ཚོད ༦:༣༠ ཐོག་ཁུལ་དེའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ཕེབས་ནས་ས་གནས་བོད་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་དོན།
དོན་གཅོད་ཀྱི་ལས་འགན་གཙོ་བོ་གསུམ་ཡོད་པ་ནི། དང་པོ། ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་གཞུང་དང་གྲོས་ཚོགས་ལ་བོད་དོན་ཞུ་གཏུག་བྱ་རྒྱུ་དང་། གཉིས་པ། རྒྱལ་ཁབ་དེ་གཉིས་ནང་བོད་མི་ཁྱོན་སྡོམ་ཁྲི་གསུམ་ལྷག་གི་སྤྱི་མཐུན་ཚོགས་པ་ཉི་ཤུ་རྩ་བརྒྱད་ཡོད་པ་དེ་དག་དང་འབྲེལ་བ་དམ་ཟབ་དང་བོད་མིའི་ངོ་བོ་མ་བརླག་པ་བྱ་རྒྱུ་རེད། གསུམ་པ། རྒྱ་རིགས་དང་འབྲེལ་བ་གང་མང་བྱེད་པ་བརྒྱུད་ཁོང་ཚོར་བོད་ཀྱི་གནད་དོན་ངོ་མ་གང་ཡིན་ངོ་སྤྲོད་གནང་རྒྱུ་སོགས་རེད། ཅེས་སོགས་གསུང་རྗེས་ས་གནས་མི་མང་རྣམས་འཆམ་མཐུན་དང་སོ་སོའི་རིག་གཞུང་བདག་གཅེས་གནང་དགོས་གལ་སོགས་གསུང་བསྟུན་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།