ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ རེས་གཟའ་པ་སངས།
༄༅།།བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཁང་གཉིས་ཀྱི་གོ་སྒྲིག་དང་ཏཱ་ལའི་བླ་མ་ཐེབས་རྩ་དང་ཀརྨ་ཐེག་གསུམ་ཆོས་འཁོར་གླིང་གི་མཐུན་འགྱུར་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་ན་གཞོན་འགོ་ཁྲིད་སྐོར་ཟབ་སྦྱོང་ཐེངས་དང་པོ་གོ་སྒྲིག་གནང་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༠ བར་ཉིན་གྲངས་ལྔའི་ཚོགས་གནང་བའི་ཟབ་སྦྱོང་དེའི་ནང་བྱང་ཨ་རི་དང་ཁེ་ན་ཌའི་མངའ་སྡེ་ཁག་བཅུ་གཅིག་ནས་མཐོ་སློབ་ཀྱི་སློབ་མ་དང་ཆེད་ལས་པ་སོགས་བོད་རིགས་གཞོན་སྐྱེས་གྲངས་ ༢༢ མཉམ་ཞུགས་གནང་འདུག
ཕྱི་ཚེས་ ༢༠ ཉིན་ཟབ་སྦྱོང་མཇུག་སྒྲིལ་མཛད་སྒོར་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཆེད་ཕེབས་གནང་སྟེ། ཚོགས་ཞུགས་གཞོན་སྐྱེས་ཚོར་ལག་འཁྱེར་སྩལ་གནང་བ་མ་ཟད། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཡིན་པ་དང་། ཀརྨ་ཐེག་གསུམ་ཆོས་འཁོར་གླིང་ངོས་ནས་མཐུན་འགྱུར་ཞུས་ཐུབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་སྟབས། བོད་ཡིག་སློབ་ཁྲིད་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་གནང་འདུག
གཞི་རྩའི་ཟབ་སྦྱོང་དེ་གོ་སྒྲིག་གནང་དགོས་དོན་ནི། རང་རེའི་གཞོན་སྐྱེས་ཚོའི་ཁྲོད་ལ་བྱམས་སྙིང་རྗེ་དང་། འགྲོ་བ་མིའི་རྒྱུད་ཀྱི་བཟང་པོའི་རིན་ཐང་དེ་དག་འཇགས་ཐབས་སླད་ཡིན་འདུག་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བསྟན་འཛིན་རྡོ་རྗེ་ལགས།བྱང་ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། ཨ་རིར་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་ཆོས་ཚོགས་དང་ཝི་ཀརྨ་ལ་ཤི་ལ་ཚོགས་པའི་ངེས་སྟོན་པ་མཁན་པོ་པདྨ་དབང་གྲགས། ཨེ་མོ་རི་མཐོ་སློབ་ནས་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་དང་དགེ་བཤེས་དགྲ་འདུལ་ལགས་སོགས་ནསཟབ་ཁྲིད་གནང་ཡོད།
ཐོག་མའི་ཉིན་གཉིས་རིང་འགོ་ཁྲིད་ཀྱི་ནུས་པ་སྐྱེས་སྲིང་གནང་ཕྱོགས་སྐོར་ཟབ་ཁྲིད་དང་། དེ་རྗེས་ཉིན་གཉིས་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཟབ་ཁྲིད་གནང་ཡོད་འདུག ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༢༠ ཉིན་ཡོངས་སུ་མཇུག་སྒྲིལ་ཡོད་འདུག་པ་བཅས།།