༢༠༡༨ ཟླ་ ༨ ཚེས་ ༣༠ རེས་གཟའ་མིག་དམར།
རྩོམ་པ་པོ། བསོད་ནམས་རྡོ་རྗེ་ལགས། ༢༠༡༨།༨།༢༦ ཉིན་སྤེལ།
༄༅། །༢༠༡༨ ཕྱི་ཟླ་ ༨ ཚེས་ ༢༤ ནས་ ༢༦ བར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་དང་། ལྷ་ས་གྲོང་ཁྱེར་བཅས་ནང་ཞིང་འབྲོག་ཁུལ་གྲོང་ཚོར་གནས་སྤོ་བྱ་ཡུལ་དང་། འབྲོག་ཁུལ། ཐོན་སྐྱེད་ལས་ཡུལ། ཆོས་ཕྱོགས་སྤེལ་ཡུལ་སོགས་ལ་བརྟག་ཞིབ་བྱས་ཡོད་འདུག བོད་མི་མང་དབུལ་སྒྲོལ་འགག་སྒྲོལ་ཟེར་བའི་ལས་དོན་ཐོག་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་གསར་འགྱུར་ལམ་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིར་བོད་ཀྱི་ཆོས་ལུགས་ཐོག་དམ་འཛིན་ཤུགས་ཆེ་དགོས་པའི་ནན་བཤད་མང་བ་བྱས་འདུག དབང་དབྱང་གིས་“མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། སྔར་ལས་ཤུགས་སྣོན་དང་གསར་གཏོད་ཀྱིས་དགོན་པ་དོ་དམ་བྱ་རྒྱུ། ཁ་བྲལ་ལ་ངོ་རྒོལ་གཏིང་ཟབ་བྱེད་དགོས་”པ་ནན་བཤད་བྱས་ཡོད་ཅིང་། ཁོ་པས་ད་དུང་“ཆོས་ལུགས་ཀྱི་ལས་དོན་དེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པས། ངེས་པར་དུ་བདེ་དུས་སུ་ཉེན་ཟོན་དང་མ་བྱུང་སྔོན་འགོག་བྱེད་དགོས་”ཞེས་དང་། “ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོའི་ཁ་ཕྱོགས་དང་མཐུན་པ་རྒྱུན་འཁྱོངས། ཆོས་ལུགས་ལས་དོན་གྱི་ཁྲིམས་ལུགས་དང་མཐུན་པའི་ཆུ་ཚད་གོང་འཕེལ། བོད་བརྒྱུད་ནང་བསྟན་སྔར་ལྷག་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་”ཞེས་བརྗོད་ཡོད། ལྷག་དོན་“ཆོས་ལུགས་མི་སྣ་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་འཁྲིད་ལ་བརྩི་བཀུར། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་ཤུལ་འཛིན་དང་དར་སྤེལ་གཏོང་རྒྱུ། གནས་ཚུལ་དངོས་བདེན་ཡིན་མིན་གྱི་སྐབས་སུ་དར་ཆ་གསལ་སྒྲེང་དང་། རླུང་རླབས་དྲག་པོའི་ཁྲོད་རིག་པ་དྭངས་གསལ། རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་ལ་འཐབ་རྩོད་བྱེད་ཕོད་པ། སྔར་ལས་ནུས་པ་ལྡན་པའི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་དགོས་”ཞེས་ལམ་སྟོན་བྱས་ཡོད། གཞན་ཡང་“གོམ་གང་མདུན་སྤོས་ཀྱིས་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་དང་། ནན་ཏན་་ངང་ཆོས་ལུགས་ཀྱི་གོམས་སྲོལ་ལ་ཤུགས་སྣོན་དང་ནང་ཁུལ་དོ་དམ། ཆོས་ཁྲིམས་དང་སྡོམ་ཁྲིམས་དམ་སྲུང་། ཆོས་ལུགས་ཉམས་རྟོགས་ཀྱི་ཆུ་ཚད་གོང་མཐོར་གཏོང་བ། མཐུན་མོང་ཐོག་ནང་ཆོས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་”པ་ནན་བཤད་བྱས་ཡོད་པ་རེད།
སྐབས་འདིར་རྒྱ་ནག་གཞུང་གིས་བོད་ས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་གཞི་བཞག་ནས་གོང་གསལ་གནད་དོན་ཐད་དབྱེ་ཞིབ་རོབ་ཙམ་བྱ་རྒྱུར།
༡༽ རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ཧྲིལ་པོ་བདུན་ཅུ་འཁོར་ལ་ཉེ་ཞིང་། བོད་མི་རྣམས་ཞིང་བྲན་ལམ་ལུགས་ལས་བཅིངས་འགྲོལ་བཏང་སྟེ་གནམ་ས་བླ་འོག་ཏུ་གྱུར་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པ་ད་བར་མ་ཎི་བགྲང་བགྲང་སྒྲོག་ཀྱང་། བོད་མི་རྣམས་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མངོན་ལྐོག་གང་གི་ཐད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ད་བར་མཚམས་འཇོག་བྱེད་མྱོང་མེད་པ་རྒྱ་ནག་གཞུང་གིས་གསལ་པོ་རྟོག་གི་ཡོད་པས། བོད་ཀྱི་གནད་དོན་དེ་སྔར་ལས་ཛ་དྲག་པ་དང་། ལྷོད་གཡེང་དུ་གཏོང་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མཐོང་།
༢༽ བཙན་བྱོལ་དུ་ཡོད་པའི་བོད་མི་དང་། ལྷག་དོན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མིའི་ངོ་ཚབ་མཚོན་པར་བྱས་ཏེ། འཛམ་གླིང་ཐོག་རྣམ་པ་འདྲ་མིན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བར། རྒྱ་མི་རིགས་ཀྱིས་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཀྱི་ཡོད་པ་སྟེ། ཕྱི་ཕྱོགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ནུས་པ་གང་འཚམས་ཐོན་བཞིན་ཡོད་པར་དངངས་སྐྲག་བྱུང་བཞིན་ཡོད་པ་མངོན། དཔེར་ན། ༧གོང་ས་མཆོག་གི་མཛད་འཕྲིན་ལོ་རེ་ནས་ལོ་རེ་བཞིན་དབྱར་མཚོ་ལྟར་རྒྱས་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་མང་བ། ལྷག་དོན་ཉེ་བའི་ཆར་ལྔ་དང་ལྔ་བཅུའི་འཆར་སྣང་། དེ་བཞིན་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་༦༠ འཁོར་བ་དང་བསྟུན་བོད་མི་གནས་ཡུལ་གྱི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྣ་མང་སྤེལ་བ་སོགས།
གོང་གསལ་དོན་ཚན་གཉིས་དང་འབྲེལ་བའི་རྒྱུ་མཚན་ནི། རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་མི་སྣ་དུས་ཡུན་ཟླ་བ་གཅིག་ཙམ་ནང་མཐའ་མཚམས་ས་ཁུལ་དུ་གྲགས་པའི་བོད་རང་སྐྱོང་ལྗོངས་ནང་ལན་བསྟུད་མར་བརྟག་ཞིབ་ཏུ་འབྱོར་ཡོད། དེ་ཡང་ (༡) ༢༠༡༨ ཟླ་ ༧ ཚེས་ ༢༥ ནས་ ༢༧ བར། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཁེ་ཆང་གིས་བོད་རང་སྐྱོང་ལྗོངས་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་གྲོང་ཁྱེར་དུ་རྟོག་ཞིབ། (༢) ༢༠༡༨ ཕྱི་ཟླ་ ༨ ཚེས་ ༢༤ ནས་ ༢༦ བར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ལྷ་ས་དང་། ཆབ་མདོ་གྲོང་ཁྱེར་བཅས་སུ་རྟོག་ཞིབ་བྱེད་པར་འབྱོར་ཡོད་པ་དེའི་ཐོག་ནས། བོད་ཀྱི་ད་ལྟའི་གནས་བབ་ནི་ལྷིང་འཇགས་ཤིག་མ་ཡིན་པར་ཛ་དྲག་པོའི་དུས་བབ་ལ་གནས་ཡོད་པ་མཚོན་ཐུབ།
༣༽ རྒྱ་ནག་གཞུང་གིས་མི་རྒྱུ་གཉིས་དང་། འཇམ་རྩུབ་ཀྱི་སྲིད་བྱུས་འདྲ་མིན་ཐོག་ནས་བོད་ནང་ཕྱིའི་འཛུགས་སྐྲུན་ཡར་རྒྱས་ཇི་ཙམ་བཏང་ཡང་། བོད་མིའི་བསམ་བློར་འགྱུར་བ་གང་ཡང་གཏོང་ཐུབ་པ་བྱུང་མེད་ཅིང་། དུས་ད་ལྟ་ཡང་བོད་མིར་ཡིད་ཆེས་སླེབས་ཐུབ་མེད་པར། དྭོགས་ཟོན་ཁོ་ན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི། ཀྲུང་དབྱང་ངམ་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་མི་སྣ་མཐའ་མཚམས་ས་ཁུལ་དུ་ལྟ་སྐོར་དུ་འབྱོར་བ་ནི་རྒྱལ་ཁབ་གཅིག་གི་འཛིན་སྐྱོང་ཆ་ནས་མཐའ་མཚམས་ས་ཁུལ་ལ་གལ་ཆེའི་ཆེ་མཐོང་སྤྲད་པ་དང་། རྒྱལ་ནང་གི་གལ་ཆེའི་གསར་འགྱུར་ཞིག་ཡིན་ཡང་། དོན་དུ་གོང་གསལ་ཕྱི་ཟླ་ ༧ དང་། ཕྱི་ཟླ་ ༨ པའི་ནང་གི་རྒྱལ་ཁབ་ཀྱི་སྲིད་བློན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ལས་ཐོག་པ་གཉིས་སྔ་རྗེས་བོད་དུ་གསང་བ་དམ་པོའི་ཐོག་ནས་རྟོག་ཞིབ་ཀྱི་ལས་དོན་གྲུབ་ནས་རྒྱ་ནག་ནང་ཕྱིར་ལོག་བྱས་པའི་རྗེས་ལ་མ་གཏོགས་ཉིན་རེའི་གསར་འགྱུར་ཉིན་དེ་རང་ལ་གཏོང་ཕོད་ཀྱི་མེད། དེ་ནི་བོད་མིས་ལུས་སེམས་ཀྱི་སྡུག་བསྔལ་རྣམས་ཆེས་མཐོའི་དཔོན་རིགས་མདུན་སྟོན་ཆེད། རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱ་གི་རེད་བསམ་པའི་འཇིགས་སྣང་ལས་དེ་མིན་གསང་བ་དང་དམ་བསྒྲགས་བྱེད་དགོས་དོན་ཅི་ཡོད།
༤༽ གོང་དུ་བཀོད་པ་ལྟར་ཐེངས་འདིར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བོད་ཀྱི་ཆོས་ལུགས་ལས་དོན་དང་འབྲེལ་བའི་གཏམ་བཤད་དེའི་ཐོག་ནས་བོད་ནང་བསྐྱར་དུ་ཆོས་ལུགས་མི་སྣས་ངོ་རྒོལ་གྱི་རྣམ་པ་སླར་ཡང་ཐོན་རྒྱུ་མ་བྱུང་སྔོན་འགོག་ཆེད་ཡིན་པ་ཞིག་མངོན་ཐུབ། རྒྱུ་མཚན་ནི་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་དང་དབུ་འཛིན་རྣམ་པའི་ཚོགས་ཆེན་རྒྱས་འཛོམས་ཤིག་འཚོག་འཆར་ཡོད་པ་དེའི་ཐོག་ཐག་གཅོད་གང་ཡོང་དང་། ཚོགས་ཆེན་དེ་བརྒྱུད་བོད་ནང་ཤུགས་རྐྱེན་སླེབས་རྒྱུར་དངངས་སྐྲག་བྱེད་ཀྱི་ཡོད་པ་རེད་སྙམ།
༼ གོང་གི་ཆེད་རྩོམ་དེ་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་གཞིར་བཞག་པ་ལས་འདི་ག་ལས་ཁུངས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད། ༽