ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ཉིན་དཔལ་ལྡན་བཀའ་ཤག་ནས་ཡུ་རོབ་སྤྱི་འཐུས་ཟུར་པ་བསོད་ནམས་ཚེ་རིང་ཕར་སི་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་རྒྱུ་ཡིན་འདུག
དེ་ཡང་སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས་ནི་སྟོད་མངའ་རིས་ནས་ཡིན་ཞིང་། ཕྱི་ལོ་ ༡༩༨༠ ནས་ ༡༩༩༢ བར་ཨིན་ཡུལ་བོད་རིགས་ཚོགས་པའི་དངུལ་གཉེར་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༨ བར་ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོའི་འགན་ཁུར་བཞེས། ཕྱི་ལོ་ ༡༩༩༦ ལོར་ལོན་ཌོན་དུ་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཐད་བོད་ཀྱི་གནས་བབས་སྐོར་རྒྱལ་སྤྱིའི་ཁྲིམས་རྩོད་པའི་གྲོས་མོལ་གྱི་གོ་སྒྲིག་ཚོགས་ཆུང་དང་། ཕྱི་ལོ་ ༡༩༩༧ ལོར་ལོན་ཌོན་དུ་སྐོང་ཚོགས་བྱས་པའི་རྒྱ་བོད་དབར་ཕུན་ཚུན་གཉིས་ཕན་གྱི་ཐབས་ལམ་འཚོལ་བའི་གྲོས་མོལ་ཞེས་པའི་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཚོགས་མི་དང་ཚོགས་ཞུགས་བཅས་གནང་། སྐབས་བཅུ་གསུམ་དང་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཁོངས་ཡོ་རོབ་སྤྱི་འཐུས་སུ་བདམས་ཐོན་ལྟར་སྤྱི་འཐུས་གནང་། ཕྱི་ལོ་ ༢༠༠༣ ལོར་ཅེག་རྒྱལ་ས་པ་རག་ཏུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཐེངས་ ༤ པར་ཞུགས། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ནས་སྤྱི་འཐུས་ཞལ་གྲངས་བཅུ་གཅིག་ཡུ་རོབ་མངའ་ཁུལ་དུ་མང་གཙོའི་ལམ་ལུགས་འདྲ་མིན་དང་། དེ་བཞིན་ཨི་ཊ་ལེའི་མངའ་ཁོངས་ཌི་རོལ་ལྷོ་རྒྱུད་དང་ཨིན་ཡུལ་གྱི་མངའ་ཁོངས་སི་ཀོ་ཌ་ལེན་ཌ་བཅས་སུ་ས་གནས་དང་རང་སྐྱོང་གི་གཞུང་འཛིན་ལམ་སྲོལ་སྐོར་རྒྱུས་ལོན་དང་རྟོགས་ཞིབ་ཆེད་ཕེབས་སྐབས། ལོན་ཌོན་དང་སི་ཀོ་ཌ་ལེན་ཌ་གཉིས་སུ་ཁོང་རྣམ་པའི་མཛད་འཆར་གོ་སྒྲིག་དང་གྲོན་དངུལ་ཐབས་ཤེས་སོགས་མཐུན་འགྱུར་ཞུས་ཡོད། །