ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབྲུག་གསུམ་སོགས་རྒྱལ་ཁབ་ ༡༥ ནས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐོག་བཅར་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཧ་ཅང་ཡག་པོ་བྱུང་འདུག ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ང་ཚོ་མིའི་སྤྱི་ཚོགས་གང་དུ་ཡིན་ནའང་རྒྱ་མིའི་སྐད་ཆའི་བཟོ་འདྲ་ཞིག་རེད། འཆར་ཅན་ལྟ་བུ་མིན་པར་མདུན་ནས་མདུན་དུ་སྐྱོད་རྒྱུར་བསམ་བློ་གཏོང་དགོས། མཁྱེན་སོང་ངམ། དེར་བརྟེན་མདུན་ནས་མདུན་དུ་གོམ་པ་སྤོས་ནས་འགྲོ་རྒྱུར་གོ་བསྡུར་བྱས་ཏེ་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་ནས་གོ་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྔ་དང་ལྔ་བཅུ་ཞེས་པ་འདི་ཧ་ཅང་སྙིང་རྗེ་པོ་རེད།
མདོ་དོན་སྙིང་པོ་ངོས་ཀྱིས་ཁྱེད་རང་ཚོར་འདི་བཤད་འདོད་བྱུང་། ང་ཚོ་བོད་པས་བོད་དོན་ཞེས་རྗོད་བཞིན་པ་འདི་ལུང་པ་ཆང་ངི་ཆུང་ངི་ཞིག་གིས་སོ་སོའི་ལུང་པའི་དོན་དུ་བཤད་པ་དང་ཕལ་ཆེར་འདྲ་གི་མ་རེད། མཁྱེན་སོང་ངམ། ཨ་ཕི་རི་ཀ་དང་དཀྱིལ་ཤར་ཨེ་ཤི་ཡ་ Middle East ལུང་པ་བཟོ་འདྲ་བོ་སོ་སོའི་ལུང་པ་ནང་མང་པོ་བཤད་རྒྱུ་ཡོད་པ་རེད།
ང་ཚོས་བཤད་རྒྱུ་ནི་ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན། འདས་པའི་ལོ་ཧ་ལམ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ལ་ཚན་རིག་པ་དེ་འདྲ་དང་། འཛམ་གླིང་གི་མཁས་དབང་དེ་འདྲ་མང་པོ་ཐུག་ཡོང་དུས་ང་ཚོ་བོད་གངས་ཅན་ལ་ཡོད་པའི་རྒྱ་གར་ནཱ་ལེནྡྲ་ནས་ཡོང་བའི་ཤེས་ཡོན་འདི་དངོས་གནས་དྲང་གནས་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་ཧ་ཅང་རླབས་ཆེན་རེད་འདུག
དེང་སྐབས་ནཱ་ལེནྡྲར་གྱང་ར་མ་གཏོགས་གང་ཡང་མེད། ནཱ་ལེནྡྲའི་མཁས་པ་ནམ་རྒྱུན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་ཞེས་བཤད་བཞིན་པ་དེ་འདྲའི་མཁས་པའི་དབང་པོ་དེ་དག་གིས་ཉམས་ཞིབ་གནང་ནས་སངས་རྒྱས་ཀྱི་བཀའ་རེད་ཅེས་དད་པ་ཁོ་ན་མིན་པར་སངས་རྒྱས་ཀྱི་བཀའ་ཡིན་ནའང་དོགས་པ་བཀོད་ནས་སངས་རྒྱས་ཀྱིས་བཀའ་དེ་འདྲ་ཞིག་གནང་འདུག་ཀྱང་རྒྱུ་མཚན་ཐོག་ནས་བསམ་བློ་བཏང་ན་འགལ་འདུ་འདུག་ཅེས་དགག་པ་རྒྱག་གི་འདུག དེར་བརྟེན་ནཱ་ལེནྡྲའི་མཁས་དབང་དེ་དག་གིས་བསམ་བློ་གཏོང་སྟངས་ནི་རྒྱུ་མཚན་གཙོ་བོར་བྱས་ནས་ཞིབ་འཇུག་བྱས་ཏེ་འགྲོ་རྒྱུ་དང་། སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོའི་གྲས་ནི་དེང་སྐབས་འཛམ་གླིང་སྟེང་ཁྱད་དུ་འཕགས་པ་ཞིག་ཆགས་པ་དང་། འདི་ངོ་མཚར་ཆེན་པོ་ཡིན་པ་ཙམ་ལ་མི་འཇོག་པར་འཛམ་གླིང་འདིའི་སྟེང་ཁ་ཡོད་ལག་ཡོད་དགོས་མཁོ་ཡོད་པ་ཞིག་ཧ་ཅང་གསལ་པོ་རེད་འདུག འདི་ངོས་ཀྱིས་ཉམས་མྱོང་ཐོག་ནས་ཐག་བཅད་ནས་བཤད་ཐུབ་རྒྱུ་ཞིག་ལ་བོད་ཀྱིས་ནཱ་ལེནྡྲའི་རིག་གཞུང་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབ་ནས་ཡོད་པ་འདི་འཛམ་གླིང་སྤྱིའི་ཁྱད་ནོར་རམ་འཛམ་གླིང་སྤྱིའི་སྤྱི་ནོར་རེད་ཅེས་བརྗོད་ཐུབ་རྒྱུ་ཞིག་ཕལ་ཆེར་ཆགས་འདུག
ང་ཚོའི་གཞོན་སྐྱེས་ཚོས་བོད་ལ་དེ་འདྲའི་རིག་གཞུང་ཡོད་པ་འདི་དེ་སྔ་བོད་ལ་གཞུང་ཆེན་སློབ་སྦྱོང་ཡོད་སའི་གདན་ས་དེ་ཚོའི་གྲས་དང་། དེའི་ནང་ནས་དགེ་བཤེས་ཚོ་རེད་མ་གཏོགས་མང་ཆེ་བར་ཧ་ཅང་ཡོད་མ་རེད། ཕྱི་ལོ་ ༡༩༥༨ ལོར་སེ་འབྲས་ཚོར་གྲྭ་སྐོར་ཕྱིན་ནས་གྲྭ་སྐོར་བཞག་པ་རེད། དེ་དུས་འབྲས་སྤུངས་བློ་གསལ་གླིང་དུ་དགེ་འདུན་པ་ག་ཚོད་ཡོད། ཅེས་ངོས་ཀྱིས་བཀའ་འདྲི་ཞུས་མྱོང་། དགེ་འདུན་པ་ལྔ་སྟོང་ཡོད་གསུངས་པ་རེད། དཔེ་ཆ་ལྟ་མཁན་ག་ཚོད་ཡོད་དྲིས་པས་སྟོང་ཕྲག་གཅིག་ལས་མེད། གྲྭ་བ་བཞི་སྟོང་གིས་འགྱེད་དེ་དག་བླངས་པ་དང་གྲྭ་ཆས་གྱོན་པ་མ་གཏོགས་དཔེ་ཆ་ལྟ་གི་མི་འདུག ཞབས་འདྲེན་མིན་ནམ། དགེ་འདུན་པ་སྟོང་ཕྲག་ལྔ་ཡོད་པའི་ནང་ནས་སྟོང་ཕྲག་གཅིག་མ་གཏོགས་དཔེ་ཆ་མི་ལྟ་མཁན་ཆགས་པ་དེ་ཞབས་འདྲེན་མིན་ནམ། ང་ཚོ་རྒྱ་གར་དུ་སླེབས་ནས་དེ་སྔ་དཔེ་ཆ་མ་ལྟ་མཁན་དགོན་པ་ཚོས་དཔེ་ཆ་ལྟ་དགོས་ཞེས་བརྗོད། དཔེར་ན་རྣམ་རྒྱལ་གྲྭ་ཚང་མཚོན་པའི་རྒྱུད་གྲྭ་སྟོད་སྨད་ཀྱི་བསྐྱེད་རིམ་པ་ཚོས་དཔེ་ཆ་ལྟ་གི་མེད་པ་དེ་དག་གིས་དཔེ་ཆ་ལྟ་དགོས་རེད་ཅེས་དང་། དེ་ནས་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་པ་རེད་ཅེས་ངོས་ཀྱིས་དེ་ལྟར་འབོད་སྐུལ་བྱས་པ་རེད། མི་མང་སྐྱ་བོ་ཕོ་མོ་ཚོ་ཡིན་ནའང་དཔེ་ཆ་ལྟ་དགོས་པ་དང་སློབ་གཉེར་རྒྱག་དགོས།
ང་ཚོ་ནང་པའི་ཆོས་བྱེད་མཁན་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས། ང་ཚོའི་ཕ་ལགས་དང་ཨ་མ་ལགས་ཚོས་སྐྱབས་སུ་མཆི་ཟེར་བ་དང་སྔགས་བགྲང་བ་ལྟར་མིན་པ་ནང་ཆོས་ཀྱི་འགྲོ་སྟངས་ག་འདྲ་ཡིན་པ། ནཱ་ལེནྡྲའི་མཁས་པ་ཚོས་བཅོམ་ལྡན་འདས་ཀྱི་བཀའ་རང་ལའང་དགག་པ་བརྒྱབ་པ་དེ་འདྲའང་ཡོད་པ་རེད། འདི་རྒྱུ་མཚན་ག་འདྲ་ཞིག་གི་ཐོག་ནས་དགག་པ་བརྒྱབ་འདུག བཅོམ་ལྡན་འདས་ལ་མ་གུས་པ་མ་རེད། བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུང་པ་དེ་དགོས་དབང་གིས་གསུང་པ་རེད། གསུང་ས་གདུལ་བྱ་ཚོའི་ཁམས་དང་མོས་པར་བསྟུན་ནས་གསུང་པ་རེད། ང་ཚོས་འདི་སྒྲ་ཇི་བཞིན་དུ་ཁས་བླངས་ན་རུང་གི་མ་རེད། དཔེར་ན་རྒྱ་ནག་ལ་ཆ་བཞག་ན་མདོ་སྡེ་དགོངས་འགྲེལ་ཧ་ཅང་རྩ་ཆེན་པོ་རྩི་གི་ཡོད་པ་རེད། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོ་སྡེ་དགོངས་འགྲེལ་དྲང་དོན་རེད་ཅེས་དགག་པ་བསྐྱོན་ཡོད།
ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་རིག་པའི་ལམ་ནས་འགྲོ་བཞིན་པ་དང་། དེ་འདྲའི་རིགས་ལམ་སྐོར་ཆ་བཞག་ན་རྒྱ་ནག་ལ་ཚད་མ་རིག་པའི་སྐོར་དེ་ཚོའི་གྲས་ཆ་ཚང་བསྒྱུར་མི་འདུག བོད་སྐད་ཐོག་ཆ་ཚང་བསྒྱུར་ཡོད་པ་རེད། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་དེ་དག་ཆ་ཚང་བསྒྱུར་ཡོད་པ་དང་། དེ་དག་ལ་སློབ་གཉེར་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། བོད་གངས་ཅན་པ་རང་གི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལ་ཆ་བཞག་ན་ཁོང་གིས་ཚད་མའི་གཞུང་མཛད་ཡོད། རྒྱ་ནག་ནང་དེ་ལྟར་ཚད་མའི་གཞུང་དེ་ཙམ་མི་འདུག འབར་མ་དང་ཐེ་ལན་ཌི། ཤྲཱི་ལངྐ་དེ་དག་པཱ་ལིའི་གཞུང་ཡིན་སྟབས། ཚད་མའི་སྐོར་ཁྱོན་ནས་མེད། དེར་བརྟེན་ནང་པའི་གཞུང་དངོས་གནས་དྲང་གནས་ཚད་མ་རིག་པ་ཐེ་བའི་གཞུང་ཆེན་དེ་ཚོ་མང་པོ་ཞིག་སློབ་གཉེར་བྱེད་རྒྱུ་ཡོད་པ་ཕལ་ཆེར་བོད་གཅིག་པུ་རེད་འདུག
གཉིས་ནས་ང་ཚོའི་གཟི་བརྗིད་ངོམ་རྒྱུ་ལྟ་བུ་ཞིག་ནི། ང་ཚོར་བཀའ་འགྱུར་པོ་ཏི་བརྒྱ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་དེ་དག་ཚང་མ་བོད་ཡིག་ནང་ཡོད་པ་མ་གཏོགས་ལེགས་སྦྱར་སྐད་ཐོག་སློབ་མི་དགོས། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་གཞུང་སྦྱོང་དུས་སོ་སོ་རང་གི་སྐད་ཡིག་ཐོག་ནས་སྦྱོང་གི་ཡོད་པ་རེད་མ་གཏོགས་ལེགས་སྦྱར་སྐད་དང་པཱ་ལིའི་གཞུང་སྦྱོང་གི་མེད། འདི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་གང་ལྟར་ཧ་ལས་པའི་དགོངས་པ་རྒྱ་ཆེན་པོ་རེད་འདུག
ནང་ཆོས་རྒྱ་གར་ནས་ཚུར་དར་བ་རེད། རྒྱ་ནག་བརྒྱུད་ནས་ནང་ཆོས་མ་བཞེས་པར་གཙོ་བོ་རྒྱ་གར་རང་ནས་ཐད་ཀར་བཞེས་པ་རེད། བོད་ཡིག་རྒྱ་ཡིག་ནས་དཔེ་མ་བལྟས་པར་རྒྱ་གར་གྱི་ཡི་གེར་དཔེ་བལྟས། དབྱངས་དང་གསལ་བྱེད་བྱས་ནས་ཡོད་པ། དེ་འདྲའི་ཡི་གེ་བོད་པ་རང་གི་དངོས་གནས་རང་མཚན་ལྟ་བུ་རེད། དངོས་གནས་དྲང་གནས་ང་ཚོའི་སྐད་ཡིག་ནི། སྤྱིར་དཔེ་ལེན་ས་རྒྱ་གར་གྱི་དབྱངས་དང་གསལ་བྱེད་ནས་དཔེ་བླངས་པ་རེད། འོན་ཀྱང་རྒྱ་གར་དང་རྒྱ་ནག་སྐད་དང་མི་འདྲ་བ་སོ་སོའི་ཐུན་མོང་མིན་པའི་སྐད་ཡིག་ཅིག་བཟོས། སྐད་ཡིག་འདིའི་ནང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེའི་ཐོག་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་གཞུང་ཆེན་གྱི་འགྲེལ་བ་ཡོད་པ་དེ་དག་ཚང་མ་བོད་ཡིག་ནང་ཡོད། ང་ཚོ་མང་པོ་ཞིག་གིས་བཀའ་འགྱུར་བསྟན་འགྱུར་ཞེས་དད་པ་རྩི་ཡུལ་དུ་འཇོག་བཞིན་ཡོད། གདན་ས་ཁག་དེ་ཚོའི་གྲས་ཀྱིས་གཞུང་ཆེན་དེ་ཚོའི་གྲས་ལྟ་ཡི་ཡོད་པ་རེད། དེ་སྔ་བོད་ལ་ལོ་ངོ་ཉི་ཤུ་སུམ་ཅུ་ལ་ལྟ་གི་ཡོད་པ་རེད། རིས་མེད་ཀྱི་ཆོས་སྒར་དང་ཆོས་སྡེ་སྔ་མོ་ས་སྐྱ་གཞུང་ཆེན་སློབ་རྒྱུར་ཧ་ཅང་ཡག་པོ་ཡོད་པ་རེད། ཕྱིས་སུ་དགེ་ལུགས་གཙོ་བོ་ལྟ་བུ་རེད་འདུག གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་པའི་ཆོས་རིག་པའི་ལམ་ནས་གཏན་ལ་འབེབ་རྒྱུ་ཡོད་པ་འདི་དེང་སྐབས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་འདུག
སངས་རྒྱས་ཀྱིས་གསུང་པ་རེད་ཅེས་དད་པ་གཅིག་པུའི་ཐོག་ནས་ཕྱིན་པ་ཡིན་ན། ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུ་མེད། ཐེངས་ཤིག་ལྡི་ལིར་ཐེ་ལན་ཌི་མཁས་དབང་གང་ཙམ་དང་ཐུག་པ་རེད། བྷེང་ཀོག་ནང་པའི་མཐོ་སློབ་ཀྱི་མཁས་དབང་དེ་འདྲ་རེད། ང་ཚོ་ཐེག་པ་ཆེ་ཆུང་ཟེར་ནའང་འདྲ། པཱ་ལི་དང་ལེགས་སྦྱར་གཉིས་ཀར་ཐུན་མོང་ཡིན་པ་དེ་ཚོའི་གྲས་ཀྱི་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་དེ་ཚོའི་གྲས་ཐུན་མོང་རེད།
དེར་བརྟེན་ང་ཚོ་ཐུན་མོང་བ་བྱས་ཏེ་གོ་བསྡུར་བྱས་པ་རེད། སྐབས་དེར་ངོས་ཀྱིས་ཁྱེད་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་སོགས་འགྲེལ་བཤད་རྒྱག་སྐབས་བཅོམ་ལྡན་འདས་ཀྱི་ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་སྐྱོན་གྱི་ཡོད་དམ། རིགས་པའི་ཐོག་ནས་གཏན་ལ་ཕབ་སྟེ་འགྲེལ་བཤད་སྐྱོན་གྱི་ཡོད་ཅེས་བཀའ་འདྲི་ཞུས་པ་ཡིན། ལུང་ཙམ་ལ་བརྟེན་ནས་འགྲེལ་བཤད་སྐྱོན་གྱི་ཡོད་ཅེས་གསུངས་སོང་། སྐབས་དེར་ངོས་ཀྱིས་ལམ་སེང་འདི་ལྟར་དྲན་སོང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལེའུ་གཉིས་པའི་ནང་དུ་བདེན་བཞི་མི་རྟག་སོགས་བཅུ་དྲུག་རིགས་པའི་ཐོག་ནས་གཏན་ལ་ཕབ་ནས་ཡོང་གི་འདུག དངོས་གནས་ཧ་ལས་པ་ཞིག་རེད། ལུང་ཙམ་ལ་བརྟེན་ནས་ཚན་རིག་པ་དང་མཉམ་དུ་འགྲེལ་བཤད་རྒྱག་དགོས་བྱུང་ཚེ་བཅོམ་ལྡན་འདས་ཀྱིས་གསུང་འདུག་ཟེར་ཚེ་ཕན་ཐོགས་མེད། རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཡིན་དུས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་འདུག
བློ་བཟང་སེངྒེ་ལགས་ཀྱིས་ཚོད་དཔག་བྱས་ན། འཛམ་གླིང་འདིར་ཆོས་བརྒྱུད་མང་པོ་ཡོད་པ་རེད། མི་ཚང་མས་བྱམས་པ་དང་བརྩེ་བ་གསུངས་ཀྱི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། འོན་ཀྱང་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བྱེད་ཐུབ་མཁན་བོད་ཀྱི་ནང་པ་གཅིག་པུ་མ་གཏོགས་ཕལ་ཆེར་མེད་པ་ལྟ་བུ་ཞིག་མ་རེད་དམ། ང་ཚོས་རྒྱུ་མཚན་གཙོ་བོར་བྱས་ནས་རྩི་བཞིན་ཡོད་པ་རེད། དེའི་འགྲེལ་བཤད་ཀྱང་བོད་སྐད་རང་གི་ཐོག་ནས་བརྒྱབ་པ་ནི་ང་ཚོ་མི་རིགས་ཀྱི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། མཁྱེན་སོང་ངམ།
ང་ཚོའི་ནང་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་དང་། དེ་ལྟ་བུ་དེ་ཡང་བོད་སྐད་རང་གི་ནང་དུ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པ་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད། ངོས་ཀྱིས་དེ་ལྟར་མཐོང་གི་འདུག དེར་བརྟེན་འདི་ནི་ཆོས་རེད་ཅེས་ཕར་མ་འཇོག་པར་ཆོས་ལ་དད་པ་ཡོད་མེད་ཁྱད་པར་མི་འདུག གང་ལྟར་ནང་ཆོས་ནས་བཤད་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་དེ་དག་ཐུན་མོང་གི་ཤེས་བྱ་ལ་བརྩིས་ཏེ་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
ཉེ་སྔོན་ངོས་རང་ཝ་ར་ཎཱ་སིར་ཡོད་སྐབས་རེ་འདུན་ཞིག་བཤད་པ་ཡིན། ཁྱེད་རང་ཚོས་མི་སྐྱ་ཕོ་མོ་ཚོར་མཚན་ཉིད་བསླབ་རྒྱུ་ཞིག་བཟོ་དགོས་པ་རེད། མ་གཞི་བཙུན་མ་ཚོས་རྟགས་གསལ་བཏང་ནས་ཧ་ཅང་ཡག་པོ་ཡོད་ཀྱང་། ཁྱིམ་པ་ཕོ་མོ་ཚོར་དེ་ལྟ་བུའི་སློབ་སྦྱོང་བྱེད་སའི་བསྟི་གནས་མེད། གདན་སའི་ནང་དུ་དེ་ལྟ་བུའི་སློབ་སྦྱོང་བྱེད་ས་ཐབས་ཤེས་མེད་དམ་ཞེས་སྐད་ཆ་བྱུང་དུས་བདེ་བོ་རང་མི་འདུག ཝ་ར་ཎཱ་སིར་ཡོད་པའི་མཐོ་རིམ་སློབ་གྲྭ་དེ་ཡིས་ཁྱིམ་པ་སློབ་ཕྲུག་ཕོ་མོ་ཚོས་རིགས་ལམ་བསླབ་ས་ཞིག་བཟོ་ན་ཞེས་བཤད་པ་ཡིན། སྔོན་མ་འབྲུག་ཏུ་དགོན་པ་ཆུང་ཆུང་ཞིག་དང་དེའི་ནང་དུ་གྲྭ་བ་ཁ་ཤས་གྲྭ་ས་ལ་བསྡད་མྱོང་བས་རྟགས་གསལ་གཏོང་བ་སོགས་བྱེད་ཀྱི་འདུག
ཁོ་ཚོས་དེར་རིགས་ལམ་ཁྲིད་ནས་འཛིན་གྲྭ་ཞིག་ཚོགས་པ་འདྲ། མི་མང་པོ་མེད་ཀྱང་འབྲུག་པའི་བློན་ཆེན་ཞིག་གི་ཕྲུ་གུ་ཞིག་གིས་དོ་སྣང་བྱས་ཏེ་དེའི་ནང་དུ་སློབ་སྦྱོང་བྱེད་པར་ཡོང་བ་རེད་ཟེར། ཁོས་ཆེད་ལས་ཁྲིམས་དཔོན་བྱས་པ་དང་སྔར་རིགས་ལམ་སྦྱང་བས་ཁ་ཧ་ཅང་བདེ་བོ་ཡོང་གི་འདུག་ཅེས་བཤད་འདུག རིགས་ལམ་བསླབས་པས་ཀླད་པ་གྲུང་དུ་ཕྱིན་པ་རེད། ཕྱོགས་གཅིག་ནས་སྡུག་ཅག་རེད། མིའི་སྐྱོན་གང་དུ་འདུག སྐྱོན་བཏོན་རྒྱུ་ལས་སླ་བོ་ཆགས་ཀྱི་ཡོད་པ་རེད། དེས་ཕན་གྱི་ཡོད། སོ་སོས་ཆེད་ལས་ཅི་ཞིག་བྱས་ཀྱང་རིགས་ལམ་གྱི་ཐོག་ནས་འགྲོ་རྒྱུ་བྱུང་ན་ཕལ་སྐད་དུ་བཤད་ན་མི་ཁ་བདེ་བོ་ཆགས་པར་ཏན་ཏན་ཁྱད་པར་ཡོད་པ་རེད།
དེ་འཛམ་གླིང་འདིར་ནང་པའི་ལུང་པ་གཞན་སུ་ལའང་ཡོད་པ་མ་རེད། རྒྱ་གར་ལ་ཉམས་ཚར་བ་རེད། སྲོལ་རྒྱུན་མ་ཉམས་པར་ཡོད་པ་ནི་བོད་པ་གཅིག་པུ་རེད། འདི་བོད་ཀྱི་གཅེས་ནོར་ཡིན་པར་ངོས་འཛིན་བྱས་ནས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་བྱས་ཏེ་དོ་སྣང་བྱོས། མཁྱེན་སོང་ངམ།
ད་ལྟ་བཙུན་མའི་རྟགས་གསལ་གཏོང་བཞིན་ཡོད་པ་རེད། རྗེས་ལ་ཁྱེད་རང་ཚོ་ཨ་ཅག་ལགས་སྐྲ་རིང་པོ་ཅན་ཚོས་སྐྲ་ཟིང་ཟིང་ངང་འཁོར་གསུམ་བསྐོར་བ་དང་ཚ་བརྒྱག་པ་སོགས་བྱེད་ཐུབ་ན་ཡག་པོ་རེད། ཆོས་ལ་དད་པ་ཡོད་ནའང་རེད་མེད་ནའང་རེད། ཤེས་ཡོན་རང་གི་ཐོག་ནས་ཁྱོད་རང་ཚོས་སེམས་ཤུགས་བསྐྱེད་ཤོག འདི་ངོས་ཀྱིས་བཤད་འདོད་བྱུང་། འཛམ་གླིང་ས་ཕྱོགས་གང་དུ་ཡིན་ནའང་སྤོབས་པ་བྱེད་ཆོག་པ་ཞིག་དང་ངོམ་ཆོག་པ་ཞིག་ཏན་ཏན་རེད། སོ་སོའི་གཅེས་ནོར་དང་འཛམ་བུ་གླིང་གི་སྤྱི་ནོར་བརྗོད་ཐུབ་པ་ཞིག་རེད། གཞོན་སྐྱེས་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་བདག་པོ་རྒྱག་ཐུབ་པ་ལ་བསམ་བློ་ཐོང་། ལྔ་དང་ལྔ་བཅུ་ཟེར་ནས་དེ་དང་སྦྲེལ་བ་ཡིན་ན་ལོ་ལྔ་འགོར་གྱི་རེད། དེའི་སློབ་སྦྱོང་ཡག་པོ་བྱུང་བ་ཡིན་ན་ལོ་ལྔ་བཅུའི་རིང་ལ་རྣམ་དཔྱོན་འདོན་ཐུབ་ཀྱི་རེད། མཁྱེན་སོང་ངམ། བཀྲ་ཤིས་བདེ་ལེགས། །