ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཕི་ཨ་ནན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ་ཉིན་སུད་སིའི་རྒྱལ་ས་བྷན་ནང་འདས་གྲོངས་སུ་གྱུར་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ཕི་ཨ་ནན་མཆོག་གི་ཆུང་མ་ལྕམ་ནཱ་ནེ་ཨ་ནན་ Nane M. Annan ལགས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ངོས་ཀྱིས་ཀོ་ཕི་ཨ་ནན་མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གནང་སྐབས་དཀའ་སྡུག་ལ་མ་འཛེམས་པར་སེམས་ཤུགས་བསྐྱེད་དེ་སྐབས་བབ་ཀྱི་རང་འཁྲིའི་ལས་འགན་རྣམས་བསྒྲུབས་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུས་པ་ཡིན།
སྐུ་ཞབས་ཨ་ནན་མཆོག་གིས་འཛམ་གླིང་འདི་བཞིན་དྲང་བདེན་དང་ཞི་བདེ་ལྡན་པ་ཞིག་སྐྲུན་ཆེད་བློས་བཏང་གནང་ཡོད། ཁྱད་པར་དུ་དམ་པ་དེ་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དེ་བཞིན་སྲ་བརྟན་དུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་རླབས་ཆེན་གྱི་ཕྱག་ལས་གནང་བར་ཕྱི་ལོ་ ༢༠༠༡ ལོར་ནོ་བེལ་གཟེངས་རྟགས་ཚོགས་ཆུང་ནས་ངོས་འཛིན་གྱིས་དམ་པ་དེ་ཉིད་དང་མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་གནང་བ་རེད། ཐ་ན་རྒྱལ་ཚོགས་ནས་རྒན་ཡོལ་ཐོན་རྗེས་སྙིང་རྗེ་ཆེན་པོའི་ཀུན་ནས་བསླངས་ཏེ་མུ་མཐུད་འཛམ་གླིང་གི་རྩོད་རྙོག་རྣམས་སེལ་ཆེད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་འབད་བརྩོན་གནང་ཡོད། ཅེས་གསུང་འཕྲིན་བསྩལ།།