ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝ་ན་ཐེབས་རྩའི་ Vana Foundation རིག་པའི་སྣང་གསལ་Vidyaloke ཞེས་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཁོན་ར་ཌི་ Conrad hotel གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་རིག་པའི་སྣང་གསལ་ཚོགས་པའི་འགན་འཛིན་སྐུ་ཞབས་ཝིར་སིངྒ་Veer singh ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁྱད་དུ་འཕགས་པའི་སྐྱེས་བུ་དམ་པ་ཞིག་རེད། ཅེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་རྗེས། ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་དེ་དེར་འཁོད་ཚོགས་བཅར་བ་ ༡༠༠༠ ལྷག་ལ་གནའ་བོའི་རྒྱ་གར་རིག་གཞུང་དང་དེང་གི་འཇིག་རྟེན་ Indian Wisdom and the Modern World ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།
ཚང་མར་སྔ་དྲོ་བདེ་ལེགས། མདང་དགོང་ཁྱེད་ཚོ་ཚང་མ་གཉིད་འདང་ངེས་ཤིག་ཁུག་ཡོད་ངེས་རེད། ངོས་ཀྱི་གཏམ་བཤད་སྐབས་ཁྱེད་ཚོ་གཉིད་ལྕོག་མི་རྒྱག་པའི་རེ་བ་ཡོད། ཅེས་ཚོགས་བཅར་བ་ཡོངས་ལ་ཞལ་ཤོབ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན། གནའ་བོའི་རྒྱ་གར་རིག་གཞུང་དང་དེང་གི་འཇིག་རྟེན་ཞེས་པའི་བརྗོད་གཞི་དེ་ངོས་ཀྱིས་དགའ་མོས་ཆེ་ཤོས་བྱེད་སའི་གྲས་ནས་གཅིག་རེད། ད་ལྟའི་ཆར་ཕྱི་དངོས་པོ་དང་། བཟོ་རིག་པ། ཚན་རིག་སོགས་ཡར་རྒྱས་སོང་ཡོད་མེད་ལ་མ་ལྟོས་པར། ཆགས་སྡང་གི་དབང་གིས་ང་ཚོར་སེམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།
ངོས་ཀྱི་བསམ་པར་སྨོན་ལམ་གཅིག་པོ་བརྒྱབ་ནས་འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་ཞི་བདེ་ལྡན་པ་ཞིག་སྐྲུན་ཐུབ་ཀྱི་མ་རེད། གཙོ་བོ་མི་སྒེར་སོ་སོ་སེམས་པ་ཞི་བདེ་དང་ལྡན་པ་ཞིག་དགོས། གང་ཟག་སྒེར་སོ་སོའི་སེམས་ཞི་བདེ་དང་ལྡན་པ་ཞིག་ཡོང་བར་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ཤེས་ཡོན་དགོས། ང་ཚོས་གཟུགས་པོའི་འཕྲོད་བསྟེན་ལ་བདག་གཅེས་བྱེད་ཀྱི་ཡོད་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ལའང་བདག་གཅེས་བྱེད་དགོས།
ཆོས་ལུགས་བྱེ་བྲག་པ་ཞིག་གི་ཕྱོགས་སུ་མ་ལྷུང་བར་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ལམ་བརྒྱུད་ནང་སེམས་ཀྱི་འཕྲོད་བསྟེན་བདེ་ཐང་ཡོང་བར་བྱེད་ཐུབ། ཆོས་ལུགས་ལ་མ་བརྟེན་པ་ཞེས་པ་དེ་རྒྱ་གར་ནང་གོ་བ་ལེན་སྟངས་ལྟར་ན། ཆོས་ལུགས་ཚང་མར་གུས་ཞབས་ཞུ་དགོས་པ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་གུས་ཞབས་ཞུ་དགོས་ཞེས་པ་དེ་ཡིན། ངོས་ཀྱིས་ནམ་རྒྱུན་ཆོས་ལུགས་ལ་མ་བརྟེན་པ་ཞེས་པ་དེ་རྒྱ་གར་ནང་གོ་བ་ལེན་སྟངས་ལྟར་བེད་སྤྱོད་གཏོང་གི་ཡོད།
ངོས་ཀྱི་ནུབ་ཕྱོགས་པའི་གྲོགས་པོ་ཁ་ཤས་ཀྱིས་ཆོས་ལུགས་ལ་མ་བརྟེན་པ་Secular ཞེས་པ་དེས་ཆོས་ལུགས་ལ་བརྩི་བཀུར་བྱེད་ཀྱི་མེད་པ་ཐུགས་ལ་དགོངས་ཀྱི་ཡོད། དེ་ལྟར་ཡིན་པའི་དབང་དུ་བཏང་ཡང་ངོས་ཀྱིས་སྐྱེ་བོ་སྒེར་ཚང་མ་ཆོས་ལུགས་གང་གི་རྗེས་འབྲང་པ་ཡིན་མིན་ལ་མ་ལྟོས་པར་ཐམས་ཅད་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་ཇི་ལྟར་བཟོ་རྒྱུའི་སྐོར་བསམ་བློ་གཏོང་གི་ཡོད། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པའི་ནང་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་རྒྱས་པོ་གསུང་ཡོད་པས། དེ་དག་གིས་འགྲོ་བ་མི་རྣམས་ཞི་ཞིང་དུལ་བ་ཞིག་ཡོང་བར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ།
ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་སྐོར་བསླབ་བྱ་གཅིག་མཚུངས་སུ་གསུང་གི་ཡོད། སྤྱིར་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་ཁས་མི་ལེན་མཁན་གྱི་སྡེ་ཚན་གཉིས་ཡོད། རྒྱ་གར་ཧིན་དུ་ཆོས་ལུགས་ལ་ཆ་མཚོན་ན་གྲངས་ཅན་པ་ Samkhya དང་གཅེར་བུ་བ། Jainism ནང་པ་སངས་རྒྱས་པས། Buddhism འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད་ཀྱང་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད།
ངོས་རང་རྒྱ་གར་པ་ཊི་ཡ་ལ་ Patiala ནས་ཡིན་པའི་བུ་མོ་གཅིག་དང་ཀན་པུར་Kanpur ནས་ཡིན་པའི་བུ་མོ་གཅིག་བཅས་དངོས་སུ་ཐུག་མྱོང་། བུ་མོ་དེ་གཉིས་ཀྱིས་སྐྱེ་བ་སྔོན་མ་གསལ་པོ་བྱས་ནས་དྲན་གྱི་འདུག་པ་མ་ཟད། ཁོང་གཉིས་ཀྱིས་སྐྱེ་བ་སྔོན་མའི་ནང་མི་རྣམས་ངོས་འཛིན་བྱེད་ཐུབ་ཀྱི་འདུག དེ་བཞིན་བོད་ནང་སྐྱེས་པའི་བུ་གཅིག་གིས་ཁོང་གི་ཕ་མ་གཉིས་ལ་ཁོང་སྐྱེ་བ་སྔོན་མ་རྒྱ་གར་ནས་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་བརྗོད་འདུག ཕྱིས་སུ་ཕ་མ་གཉིས་ཀྱིས་བུ་དེ་བོད་ནས་རྒྱ་གར་རྡ་རམ་ས་ལར་ཁྲིད་ནས་བསླེབས་རྗེས། བུ་དེས་ཁོང་རྒྱ་གར་ལྷོ་ཕྱོགས་ནས་ཡིན་པ་བརྗོད་འདུག
ཕ་མ་གཉིས་ཀྱིས་བུ་དེ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར་ཁྲིད་འདུག དེ་ནས་བུ་ཡིས་ཁོང་གི་སྐྱེ་བ་སྔོན་མའི་ཁང་པ་ཞིག་ངའི་ཁང་པ་རེད། ཅེས་ཕ་མ་གཉིས་ལ་བསྟན་འདུག་པ་མ་ཟད། ཁང་པའི་ནང་སྒམ་ཞིག་ཡོད་པ་དེར་མཛུབ་མོ་བཙུགས་ནས་ཁོང་གི་ཡིིན་པ་བརྗོད་འདུག ཕ་མ་གཉིས་ཀྱིས་སྒམ་དེ་ཁ་ཕྱེ་དུས་སྒམ་ནང་ནས་བུའི་སྐྱེ་བ་སྔོན་མའི་མིག་ཤེལ་བཞག་ཡོད་པ་མཐོང་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། མཐར་མགོན་པོ་གང་ཉིད་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་རྗེས་ཚོགས་བཅར་བ་ཡོངས་དགྱེས་པའི་འཛུམ་མདངས་དང་བཅས་མཛད་སྒོ་གྲོལ། །