ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་བོད་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན་ནས་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་དབུ་བཞུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥༠ ཙམ་ལ་སྦེང་ལོར་ཏཇ་ Taj west Hotel གསོལ་མགྲོན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོ་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨེཅ་ཌི་ཀུ་མ་ར་སྭ་མི་ HD Kumaraswamy མཆོག ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། པདྨ་བདེ་ལེགས་ལགས། མི་འགྱུར་རྡོ་རྗེ་ལགས། བསམ་གཏན་ཆོས་སྒྲོན་ལགས། ཚེ་རིང་གཡུ་སྒྲོན་ལགས། ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ T M Vijaya Bhaskara ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཁག་གཅིག ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སོགས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་། ལྷོ་སྤྱིས་གཙོས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། ས་གནས་རང་བདེན་ཚོགས་མི། མཉམ་འབྲེལ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ཁག་གཅིག་གཅིག་གིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་མཚམས་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྟགས་ཤིག་དང་། མེ་སོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་སྐུ་ཞབས་ནི་ཅི་ལིང་གྷ་པ་ Nijalingapa མཆོག་གི་བུ་སློབ་དཔོན་ཨེ་སི་ཨེན་ཀི་རན་ཤང་ཀར་ Prof. S.N.Kiran Shanhar ལགས་ལ་ཕྱག་རྟགས་སྩལ་རྗེས་བཀའ་སློབ་སྩལ་དོན། མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། ངོས་རང་ཀ་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་དོན་དང་བོད་མིའི་ཆེད་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་།
ང་ཚོ་བོད་མི་རྣམས་ནས་མངའ་སྡེའི་གཞུང་མང་གཉིས་ཀྱི་བཀའ་དྲིན་ནམ་ཡང་མི་བརྗེད། རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོའི་ནང་བཅོས་སྒྱུར་ལག་བསྟར་གནང་བ་བཞིན་བོད་དུའང་དེ་ལྟར་བཅོས་སྒྱུར་གནང་བར་བརྟེན། ཕྱི་ལོ་ ༡༩༥༦ ལོ་ནས་བཟུང་བོད་མི་ཚོར་དཀའ་ངལ་འཕྲད་འགོ་བཙུགས་པ་རེད། རྒྱ་གཞུང་གི་བཅོས་སྒྱུར་དེ་བོད་ནང་འཚམས་པོ་མེད་པའི་རྐྱེན་གྱིས་བོད་མི་ཚོས་དེར་ངོ་རྒོལ་གནང་ཡོད། དེར་བརྟེན་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་ལ་གཉའ་གནོན་བཤུ་གཞོག་བཏང་བར་བརྟེན་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཤུགས་ཆེ་རུ་ཕྱིན་པ་རེད།
ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ནང་བསྐྱོད་དེ་སྐབས་དེའི་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་ཐུག་མྱོང་། སྐབས་དེ་དུས་ངོས་རང་སྤྱི་ཚོགས་རིང་ལུགས་ལ་ཡིད་སྨོན་སྐྱེས་བྱུང་། ང་ཚོ་རྒྱ་གར་ལ་ཕྱི་ལོ་ ༡༩༥༩ ལོར་འབྱོར་དུས་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ Jawaharlal Nehru མཆོག་གིས་ངོས་ལ་བོད་པའི་རྩ་དོན་གསོན་པོར་གནས་དགོས་ན། བོད་པའི་ཕྲུག་གུ་ཚོར་སློབ་སྤྱོང་སྤྲོད་དགོས། ཅེས་ལམ་སྟོན་གནང་སོང་།
ནེ་རུ་མཆོག་གིས་བོད་པ་ཚོའི་གཞིས་ཆགས་གསར་རྒྱག་དང་སློབ་གྲྭ་གསར་འཛུགས་ཆེད་རོགས་རམ་གང་ཐུབ་གནང་དགོས་པའི་རྒྱ་གར་མངའ་སྡེ་ཁག་གི་གཞུང་ལ་ཕྱག་བྲིས་ཕུལ་བར་བརྟེན། ང་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཆེད་གཞིས་ཆགས་གསར་རྒྱག་དང་སློབ་གྲྭ་ཟུར་དུ་བཙུགས་པ་རེད།
ངོས་རང་ཕྱི་ལོ་ ༡༩༥༦ ལོར་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་ནི་ཇཱ་ལིང་ག་པཱ་མཆོག་ལ་ཐུག་འཕྲད་བྱུང་། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། མངའ་སྡེ་འདིའི་ནང་གི་བཙན་བྱོལ་བོད་མི་རྣམས་ལ་ས་ཆ་ཕོན་ཆེན་པོ་ཞིག་གནང་ཡོད། དུས་རབས་བདུན་པའི་ནང་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་གསར་གཏོད་མཛད། དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོ་སོགས་བོད་དུ་གདན་ཞུ་གནང་སྟེ་བོད་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་གཞི་ཚུགས། དུས་དེ་ནས་བཟུང་བོད་པ་ཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བདག་པོ་བརྒྱབ་ཐུབ་ཡོད་པ་མ་ཟད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་དེང་གི་འཛམ་གླིང་ནང་དགོས་མཁོ་ཅན་ཞིག་ཆགས་ཡོད།
དེང་སྐབས་འཛམ་གླིང་ནང་མིའི་བསམ་བློར་རེ་དོགས་དང་རྣམ་རྟོག་སོགས་ཀྱིས་གང་བར་བརྟེན་སེམས་ལ་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་སེལ་བར་སྨོན་ལམ་གཅིག་པུ་བརྒྱབ་ནས་འགྲུབ་མི་ཐུབ། རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་སྐོར་དཔལ་ནཱ་ལེནྡྲའི་གཞུང་ནས་རྒྱས་བཤད་གསུང་ཡོད་པས། དེ་དག་གིས་མི་མཐུན་པའི་ཕྱོགས་ཀྱི་བློ་དེ་དག་ལ་གཉེན་པོར་བསྟེན་ནས་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུར་ཧ་ཅང་ཕན་ཐོགས་ཡོད་པར་བརྟེན། ལེགས་བཤད་དེ་དག་དེང་སྐབས་སྤྱི་ཚོགས་སུ་དགོས་མཁོ་ཅན་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ནས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་ནང་སླར་གསོ་ཡོང་ཆེད་འབད་བརྩོན་བྱེད་ཀྱི་ཡོད། འཛམ་གླིང་ན་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱི་ལམ་ལུགས་སྤེལ་ཐུབ་མཁན་རྒྱ་གར་གཅིག་པུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད། ཅེས་དང་།
ལོ་ངོ་ ༦༠ རྗེས་ལ་གཞི་ནས་ང་ཚོས་ཕར་རྒྱ་ཆེ་སར་ཞབས་འདེགས་སྒྲུབ་ཐུབ་པའི་གདེང་སྤོབས་ཡོད་པ་ཞིག་མཐོང་གི་འདུག འདི་ནི་གཙོ་བོ་རྒྱ་གར་གཞུང་གི་རྒྱབ་སྐྱོར་དང་ཡང་སྒོས་ཇོ་ཧ་ལ་ནེ་རུ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
ལོ་ངོ་ ༤༠ གོང་གི་རྒྱ་ནག་དང་དེང་སང་རྒྱ་ནག་གཉིས་གཤིབ་བསྡུར་བྱས་པ་ཡིན་ན། དེང་སང་རྒྱ་ནག་ནང་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད། དེར་བརྟེན་མ་འོངས་པར་བོད་ལ་མདུན་ལམ་ཆེན་པོ་ཞིག་ཏན་ཏན་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།
མཛད་སྒོ་མཇུག་སྡོམ་སྐབས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་མཛད་སྒོ་གྲོལ་ཡོད། །