ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༥ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཌར་སྦན་ Durban ནང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཀོ་ཝ་ཛུ་ལུ་ན་ཊལ་མངའ་སྡེ་ནང་གི་ཚོགས་པ་དང་གང་ཟག་སྒེར་གྱི་ངོས་ནས་བོད་དོན་ཐོག་ལོ་མང་རིང་རྒྱབ་སྐྱོར་གནང་བར་དགའ་བསུ་འཚམས་འདྲིའི་མཛད་སྒོ་ཞིག་ཚོགས་གནང་འདུག
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་བོད་དོན་སླད་ཕྱག་ལས་གནང་མྱོང་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་ཕི་རི་ཀའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
མཛད་སྒོ་དེའི་ཐོག་མེས་པོ་དམ་པ་གྷན་དྷིའི་ཚ་མོ་ Ela Gandhi མཆོག་དང་། ལྷོ་ཨ་ཕི་རི་ཀའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་། འབྲི་གུང་བཀའ་བརྒྱུད་བསམ་གཏན་གླིང་ཆོས་ཚོགས་ཀྱི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་དང་ཚོགས་མི་ཡོངས་ལ་ལེགས་གསོལ་གཟེངས་རྟགས་ཕྱག་ཁྱེར་ཡང་ཕུལ་གནང་ཡོད་པ་བཅས།།