ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་ཡོད་པའི་ཨིམ་པི་རི་ཡལ་ཧ་ཡི་ཊི་ Imperial Heights Resorts ཞེས་པའི་གསོལ་མགྲོན་ཁང་དུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེལ་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག བཀའ་བློན་རྣམ་པ།
རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཚོགས་བཅར་བ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༥ ནས་གཞོན་སྐྱེས་གྲྭངས་ ༡༠༠ སོགས་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེ་མཚོན་སླད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་འདི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྲིད་བྱུས་ལམ་སྟོན་འོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད། ཕྱི་དྲིལ་ལས་ཁུངས་ནས་སྔ་ལོར་རྒྱལ་སྤྱིའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་པའི་འཛམ་གླིང་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གནད་ཡོད་མི་སྣ་དང་། དེ་བཞིན་བོད་དང་རྒྱ་ནག་ཐོག་ཞིབ་འཇུག་གནང་མཁན་མི་སྣ་མང་པོ་གདན་ཞུ་གནང་སྟེ་ལམ་སྟོན་མང་པོ་གནང་ཡོད་པ་དང་། གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཅེས་ཞུ་རྒྱུ་ཡིན། ད་རེས་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་འདི་བཀའ་ཤག་གི་བཀའ་འབྲེལ་ཐོག་ནས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུར་འཛུལ་ཞུགས་དེབ་སྐྱེལ་བྱེད་ཕྱོགས་སོགས་ཀྱི་སྐོར་སྐུ་ཚབ་དོན་གཅོད་ཁག་བརྒྱུད་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཡོངས་ལ་གསལ་བསྒྲགས་ཞུས་ཡོད་པ་མ་ཟད། གཞུང་འབྲེལ་རྒྱ་དྲ་ཐོག་ལའང་གསལ་བསྒྲགས་ཞུས་ཡོད། ཚོགས་བཅར་བ་འདེམས་སྒྲུག་བྱེད་ཕྱོགས་ནི། ཨ་རི་ཁུལ་ནས་ཚོགས་བཅར་བ་གཞོན་སྐྱེས་གྲངས་ ༢༥ དང་། ཡུ་རོབ་ཁུལ་ནས་མི་གྲངས་ ༢༥ ། ཨོ་སི་ཀྲེ་ལེ་ཡེ་ཤི་ཡའི་ཁུལ་ནས་མི་གྲངས་ ༥། རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༨། ཕ་མ་གང་རུང་བོད་མི་ཡིན་པའི་མི་རིགས་འདྲེས་མའི་གཞོན་སྐྱེས་ཆེད་ས་མིག་ ༢། དེ་བཞིན་སྲི་ཞུའི་ལས་བྱེད་ཆེད་ཟུར་བཅད་ས་མིག་གྲངས་ ༥ བཅས་གཏན་འབེབས་གནང་ཡོད།
ཚོགས་བཅར་བ་མི་སྣ་ ༡༠༠ ཐམ་པ་ཡོད་པའི་ཁོངས་ནས་གསུང་བཤད་གནང་མཁན་མི་གྲངས་ ༢༠ འདེམས་སྒྲུག་གནང་ཡོད། ཚོགས་འདུའི་ནང་རྒྱལ་ཁབ་ ༡༥ ནས་གཞོན་སྐྱེས་ལོ་ན་ ༢༠ ནས་ ༤༠ བར་ཡིན་པ་ཕེབས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན།རྩ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ནང་དོན་གཙོ་བོ་འཛིན་སྐྱོང་བཀའ་ཤག་ནས་གཏན་འབེབས་དང་། སྐོང་ཚོགས་གནང་རྒྱུའི་ལས་འཆར་ཞིག་ཆགས་ཡོད། དེའི་ཐོག་ལ་ང་ལྟ་བུ་ཡིན་ན། དམིགས་བསལ་ཐུགས་ཕན་ཇི་ཙམ་གསོ་ཐུབ་མིན་ཞུ་ཤེས་ཀྱི་མི་འདུག དེར་བརྟེན་རྩ་བའི་གོང་དུ་གསུང་པ་གཞིར་བཟུང་ཉིན་གྲངས་བཞིའི་རིང་ཚོགས་འདུ་ཚོགས་རྒྱུ་དང་། ཚོགས་འདུའི་ནང་དོན་བརྗོད་གཞི་ཁག་བཞི་ལྟ་བུ་ཞིག་གསུང་གནང་སོང་། ཕྱི་དྲིལ་ལས་ཁུངས་ནས་ང་ཚོར་མགྲོན་ཤོག་གནང་བའི་ནང་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་བྱུས་འགོད་ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་ཞེས་པའི་ཡིག་ཆུང་ཞིག་གནང་འདུག དེར་བརྟེན་འབྱུང་འགྱུར་བོད་དོན་དང་འབྲེལ་བའི་ཐོག་ཕྱག་ལས་གནང་ཕྱོགས་དང་། ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་འཐབ་བྱུས་ཇི་འདྲ་ཞིག་དགོས་ཀྱི་ཡོད་པ་འདིའི་ཐོག་བསམ་བློ་བཏང་ནས་རྣམ་དཔྱོད་སྟོན་ས་གཙོ་བོ་འདི་ཆགས་ཀྱི་འདུག་བསམ་གྱི་འདུག དེ་འདྲའི་ཐོག་ནས་ང་ཚོ་དགོངས་པ་བཞེས་རྒྱུའི་གནད་དོན་ཞིག་ཆགས་ཀྱི་ཡོད།
ང་ཚོ་བོད་ཟེར་རྒྱུ་འདི་འཛམ་གླིང་མཐོ་སྒང་དུ་ཆགས་པའི་སྣོད་དང་བཅུད། བོད་རིགས་ནི་ལོ་རྒྱུས་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། བོད་དུ་མིའི་འགྲོ་བ་ཆགས་ནས་ལོ་ཁྲི་ལྔ་ཙམ་ཕྱིན་པའི་ལོ་རྒྱུས་མང་པོ་ཐོན་གྱི་འདུག ལོ་ཁྲི་ལྔ་གོང་དུ་མིའི་རིགས་བྱུང་བའི་ལོ་རྒྱུས་ཀྱི་གནས་སྟངས་ཤིག་ཆགས་ཡོད། དེ་བཞིན་ཕྱིས་སུ་དུས་རབས་ ༧ མ་བྱུང་སྔོན་གྱི་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་བོད་ནང་ཐོག་མར་ལྷ་ཐོ་ཐོ་རི་གཉན་བཙན་ནས་འགོ་བཙུགས་ཏེ་འུ་དུམ་བཙན་པོའི་བར་དུ་ལོ་གཅིག་སྟོང་ཡས་མས་ཤིག་གི་རིང་རྒྱལ་པོའི་ལམ་ལུགས་ཐོག་ནས་གང་ལྟར་བོད་ཟེར་རྒྱུ་འདི་དཔེར་ན། ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་སྐབས་སུ་རྒྱ་ཧོར་བོད་གསུམ་ཞེས་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་མཚོན་ཐུབ་པའི་རིག་གནས་དང་ཆབ་སྲིད། དཔལ་འབྱོར། དམག་ཤུགས་ཡིན་ནའང་འདྲ། དེ་འདྲའི་ཐོག་ནས་འབར་དུ་ཐོན་པའི་གནས་སྟངས་ཆགས་ཡོད། དུས་རབས་ ༢༠ ནང་བོད་ནང་དུས་འགྱུར་ཤུགས་ཆེན་པོ་བྱུང་བའི་ཐོག་ནས་ཨེ་ཤི་ཡའི་ནང་དང་། ལྷག་པར་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་པ་དེ་འདྲའི་ཐོག་ནས་བོད་ནང་བཙན་འཛུལ་བྱེད་རྒྱུ་འགོ་བཙུགས་ནས་ད་ལྟ་བཙན་བྱོལ་བའི་གནས་སྟངས་ཆགས་ཡོད།
བཙན་བྱོལ་བའི་གནས་སྟངས་ཆགས་པའི་ནང་ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ ༦༠ ལ་ཉེ་བ་འགྲོ་གི་ཡོད་པ་རེད། དུས་ཡུན་དེའི་རིང་ང་ཚོའི་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། བོད་མི་ས་ཡ་ ༦ ཞེས་རྩི་བཞིན་ཡོད། བོད་མི་མང་ཆེ་བ་བོད་ནང་ལྷག་ཡོད། བོད་ནང་རྒྱ་ནག་གཞུང་གིས་
དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་སྲེག་གནང་མཁན་
དཔལ་ལྡན་ཚོགས་གཙོ་མཆོག་གིས་ལོ་རྒྱུས་དང་འབྲེལ་ནས་བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་ཀྱི་བོད་ཀྱི་གནས་སྟངས་དང་། དེ་ནས་བོད་ཀྱི་ལུང་པ་ཤོར་ནས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོ་རིང་ལུགས། དེ་བཞིན་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་སྩལ་བའི་བཀའ་སློབ་དང་བོད་མིའི་ངོ་བོ་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་གལ་ཆེན་པོ་ཡིན་སྐོར། ཉིན་གྲངས་གསུམ་ལྷག་ཙམ་རིང་བཀའ་བསྡུར་གང་གནང་བ་ཡིན་ནའང་། མཐར་མང་བ་དེ་སོ་སོས་གནང་དགོས་པར་དགོངས་པ་བཞེས་ནས་དགོངས་ཚུལ་གསུང་དགོས་རྒྱུ། ཚོགས་འདུ་གྲོལ་རྗེས་རང་གནས་སུ་ཕེབས་པའི་སྐབས་སུའང་མང་བ་དེ་སོ་སོས་གནང་དགོས་སྐོར་གསུང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་དང་མཉམ་དུ་ཕྱག་རོགས་བཀའ་བློན་རྣམ་པ་འདིར་ཕེབས་ཡོད། ཕྲན་རང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་ཡིན་སྟབས། ཕལ་ཆེར་ཉིན་གྲངས་གསུམ་རིང་འདིར་ཡོད། རྣམ་པ་ཚོས་དགོངས་ཚུལ་གསུང་པའི་ཁོངས་ནས་ང་ཚོས་བྱེད་དགོས་པ་གང་ཡོད་པ། དེ་བཞིན་རྣམ་པ་ཚོས་གནང་དགོས་པ་གང་འདུག་པ་དེ་དགཞིབ་ཕྲ་བཀའ་བསྡུར་ཡོང་གི་རེད། བཀའ་བློན་ཁག་གཅིག་ཕྱི་ཚེས་ ༡༨ ཉིན་ཚོགས་འདུར་བཞུགས་རྒྱུ་ཡིན་སྐོར་གསུང་གི་འདུག རྣམ་པ་ཚོས་དགོངས་ཚུལ་གང་གསུང་པ་ཡིན་ནའང་ཕྲལ་ཕུགས་རྒྱང་གསུམ་གཞི་ལ་བཞག་པའི་ཐོག་ནས་གསུང་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
རྣམ་པ་ཚོ་ས་ཐག་རིང་པོ་ནས་ཕེབས་ཡོད་སྟབས། དེང་སྐབས་འདི་གར་ཆར་དུས་ཡིན་པར་བརྟེན་སྐུ་ངལ་ཏན་ཏན་བྱུང་ཡོད་ངེས་རེད། གལ་ཏེ་དེ་རིང་སྔ་དྲོ་ཆར་པ་ཤུགས་ཆེན་པོ་བརྒྱབ་ཡོད་ན། གནམ་གྲུ་འབབ་མ་ཐུབ་ནས་ཚོགས་བཅར་བ་ ༡༠༠ ཡོད་པའི་ནང་ནས་མི་གྲངས་ ༧༥ ཕེབས་མ་ཐུབ་ན་གང་འདྲ་བྱེད་ཡོང་སྙམ་པའི་སེམས་ཁྲལ་ཤུགས་ཆེ་བྱུང་སོང་།འོན་ཀྱང་ལྷ་ཆོས་སྐྱོང་སྲུང་མའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གནམ་གཤིས་ཡག་པོ་སྟོན་སྟབས་རྣམ་པ་ཚོ་ཚང་མ་བདེ་འབྱོར་ཐུབ་པ་འདི་ནི་རྟགས་མཚན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག འབྱུང་འགྱུར་ཉིན་གྲངས་གསུམ་རིང་ལའང་ཚོགས་འདུ་ཡག་པོ་ཡོང་བའི་རེ་བ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཟབ་ཞིང་རྒྱས་པ་གསུང་སོང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ལོ་མང་རིང་ནས་ཕེབས་པར་བརྟེན། བཀའ་ཤག་ངོས་ནས་གཙོ་བོ་བོད་མི་ཚོར་ཆེ་མཐོང་དང་རང་དབང་སླར་གསོ་ཐུབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟི་བརྗིད་ལྡན་པའི་ཐོག་ནས་བོད་ནང་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་ནི་དམིགས་ཡུལ་གཙོ་བོ་རེད།
དམིགས་ཡུལ་འདི་ཉིད་སྒྲུབ་ཆེད་བོད་མི་མི་རེ་ངོ་རེར་བོད་མི་རིགས་ཀྱི་ངོ་བོར་སྤྲོ་བ་སླེབ་དགོས་པ་དང་། མི་རིགས་ཀྱི་འཐབ་རྩོད་དང་ངོ་བོ་སྲ་བརྟན་ཡོང་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་ཀྱི་འདུག ཅེས་གྲོས་བསྡུར་རིམ་པ་མང་པོ་བྱུང་ཡོད། གང་ལྟར་ལྔ་དང་ལྔ་བཅུའི་འཆར་སྣང་འདི་གཞིས་བྱེས་བོད་མི་ཡོངས་རྫོགས་རྡོག་སྒྲིལ་ཐུབ་པའི་གལ་ཆེའི་འཆར་སྣང་ཞིག་ཆགས་ཡོད། འཆར་སྣང་འདིའི་སྒྲོམ་གཞི་འོག་ཕྱི་དྲིལ་ལས་ཁུངས་ངོས་ནས་ཚོགས་འདུ་གཉིས་ཏེ་སྔ་ལོར་གཅིག་དང་འདི་ལོར་གཅིག་ཚོགས་ཐུབ་པ་འདི་ནི་ང་ཚོ་གོ་སྒྲིག་བྱེད་མཁན་ཡིན་ནའང་ཧ་ཅང་གོ་སྐབས་བཟང་པོ་ཡིན་པའི་ཚོར་བ་ཡོད།
ད་རེས་ཚོགས་འདུ་དངོས་སུ་ཚོགས་ཐུབ་པ་འདི་དམིགས་བསལ་དགའ་སྤོབས་གང་བྱུང་གི་འདུག་ཞུས་པ་ཡིན་ན། ཚོགས་འདུ་འདི་ཟླ་བ་བཅུ་ནང་གྲ་སྒྲིག་བྱས་ཐུབ་པའི་གནས་སྟངས་ཤིག་རེད། སྔ་ལོའི་ཕྱི་ཟླ་ ༡༠ ནང་ལྔ་དང་ལྔ་བཅུའི་མཁས་དབང་ཚོགས་འདུ་ཐེངས་དང་པོ་ཚོགས་པའི་སྐབས་རྒྱབ་གཉེར་ཆེ་ཤོས་ནི། ལོ་ལྔ་བཅུའི་འཆར་གཞི་སྒྲིག་གི་ཡོད་ན། ན་གཞོན་ཚོ་གཙོ་བོ་ཆགས་ཀྱི་ཡོད་སྟབས། ན་གཞོན་དང་བོད་མིའི་སྒྲིག་འཛུགས་དབར་ཐག་ཉེ་བོ་དཔེར་ན་ཕྲུ་གུ་ངུ་ན་ཨ་མ་ཟེར་བ་ནང་བཞིན། དཀའ་ངལ་འཕྲད་དུས་སྒོ་བརྡུང་ས། སོ་སོ་ཚགས་ཚུད་པོ་ཡོང་དུས་ཞབས་ཕྱི་ཞུ་ས་སྒྲིག་འཛུགས་འདི་ཆགས་ཀྱི་ཡོད་སྟབས། ལོ་ ༥༠ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་བཞེས་པ་ནང་བཞིན། སྒྲིག་འཛུགས་འདི་ཧྲ་ཏག་ཏག་ཡོད་ན། བོད་དོན་བདེན་མཐའ་རང་བཞིན་གྱི་གསལ་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་དུས་ལྔ་དང་ལྔ་བཅུའི་འཆར་སྣང་ནང་ཆ་ཤས་ཆེ་ཤོས་ནི་གཞོན་སྐྱེས་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
སྤྱིར་ཉིན་གྲངས་བཞིའི་རིང་ལྷན་ཚོགས་སྐབས་གནད་དོན་གཙོ་བོ་བཞི་སྟེ། བོད་རྒྱ་གཉིས་ལོ་རྒྱུས་ཐོག་འབྲེལ་ལམ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གཞུང་སྒེར་སྤྱི་གསུམ་ཐོག་ནས་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་གནང་རྒྱུའི་ཐད་ཐབས་ལམ་གསར་པ།
༢། གཞོན་སྐྱེས་ཚོས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་ཚགས་ཚུད་ཡོང་སླད་འབྲེལ་ལམ་རྒྱ་སྐྱེད་དང་། ཞུ་གཏུག་གི་ལས་འགུལ། རྒྱལ་སྤྱིའི་འབྲེལ་ལམ།
༣། རང་ཡུལ་དང་ཡུལ་གྱར། གཞིས་བྱེས་བོད་རིགས་སྤུན་ཟླའི་དབར་འབྲེལ་བ་འཛུགས་ཐབས།
༤། ལྔ་དང་ལྔ་བཅུའི་འཆར་སྣང་ལག་བསྟར་ཚགས་ཚུད་ཡོང་སླད་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་། ཕྱི་ནང་གི་མཐུན་རྐྱེན་མཁོ་སྒྲུབ་ཞུ་རྒྱུའི་ལས་འཆར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་སྦྱང་བཤད་ཀྱང་གནང་རྒྱུ་ཡིན་འདུག་པ་བཅས།།