༢༠༡༨ ཟླ་ ༨ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༧ ཉིན་རྡ་ས་ཉེ་འཁྲིས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུས་ས་གཉིས་ཀྱི་ཚོགས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་སྟངས་སྐོར་ཟབ་ཁྲིད་པ་ཚོར་ཟབ་སྦྱོང་ཞིག་འགོ་བཙུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་དང་འཆི་མེད་ཚེ་དབྱངས་ལགས། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱལ་སྤྱི་དབུ་མའི་ལམ་མི་མང་ལས་འགུལ་ཚོགས་པ། ཆིག་སྒྲིལ་ཚོགས་པ། མདོ་སྟོད། མངའ་རིས་ཚོགས་པ་བཅས་དང་། གཞན་ཡང་ཕྱི་དྲིལ་ལས་ཁུངས་ནས་ལས་བྱེད་ ༥ བཅས་ཁྱོན་མི་གྲངས་ ༢༩ ཐམ་པ་ཚང་འཛོམས་ཀྱི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དགའ་བསུ་དང་སྦྲགས། དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། ཐབས་ལམ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདིར་དབུ་མའི་ལམ་གྱི་ཟབ་སྦྱོང་དུ་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
འདིར་བཅར་དགོས་དོན་ནི། ཕྲན་རང་སྲིད་སྐྱོང་དང་མཉམ་དུ་ཕྱི་དྲིལ་བཀའ་བློན་གི་འགན་གཅིག་ལྕོགས་བྱེད་ཀྱི་ཡོད། རྣམ་པ་ཚོ་ས་གནས་ཁག་མང་པོ་ཞིག་ནས་ཕེབས་ཡོད། དེང་སྐབས་ཆར་དུས་ཡིན་སྟབས་ཆུ་རུད་དང་ས་རུད་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་ས་ཐག་རིང་པོ་ནས་ཕེབས་རྒྱུར་དཀའ་ངལ་ཡོད་པ་མ་ཟད། དགུན་ཚོང་སླད་ལུ་དྷི་ཡ་ནར་བལ་གོས་ཉོ་རུ་འགྲོ་རྒྱུ་སོགས་ཀྱི་ཕྱག་ལས་མང་པོ་ཡོད་པ་དེ་དག་གནས་སྐབས་རིང་ཕར་བཞག་ནས་ཟབ་སྦྱོང་འདི་ཉིད་གལ་ཆེན་པོར་བརྩིས་པའི་ཐོག་ནས་ཕེབས་པ་འདི་ཧ་ཅང་ཡག་པོ་རེད། ཅེས་ཞུ་རྒྱུ་ཡིན།
གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་མི་མང་རྣམས་ལ་བཀོད་ཁྱབ་དང་ལམ་སྟོན་ཇི་འདྲ་ཞིག་གནང་ཡང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྲུང་དང་ལེན་ཞུ་བཞིན་ཡོད་བསམ་པའི་ལྷག་བསམ་གྱིས་བསྐུལ་ནས་ཕྱག་ལས་གནང་མཁན་ཤ་སྟག་རེད། དེར་བརྟེན་ངོས་རང་ཉིད་ལ་མཚོན་ན་དེ་རིང་འདིར་ཡོང་དགོས་དོན་གཙོ་བོ་ནི་ཟབ་སྦྱོང་དབུ་འབྱེད་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ་རྒྱུའི་སླད་ཡིན། རྣམ་པ་ཚོ་འདིར་བདེ་ཐང་ངང་འབྱོར་བ་ཧ་ཅང་དགའ་པོ་བྱུང་།
གོང་དུ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལོ་རྒྱུས་ཐོག་ནས་དབུ་མའི་ལམ་ཇི་ལྟར་གལ་ཆེན་པོ་ཡིན་སྐོར་དང་། རྒྱ་ནག་དང་ལྷན་འབྲེལ་བ་ཆགས་སྟངས་སྐོར་སོགས་གསུང་གནང་སོང་།
སྤྱི་ཡོངས་ནས་དབུ་མའི་ལམ་ཞེས་པ་གང་འདྲ་ཞིག་ཡིན་པའི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་ཐབས་བྱུས་ཞེས་ག་འདྲ་ཟེར་དགོས་མིན། བཀའ་ཤག་སྐབས་ ༡༤ དང་སྐབས་ ༡༥ ནང་གང་དང་གང་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་ཐོག་ནས་ག་འདྲ་ཆགས་ཡོད་མེད་སོགས་ཀྱི་སྐོར་ཞུ་རྒྱུ་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མཁྱེན་འདོད་ཡོད་པ་རྣམས་ལ་བཀའ་ཤག་སྐབས་ ༡༤ པའི་ཕྱི་ལོ་ ༢༠༡༤ ཟླ་ ༦ དང་ ༧ ནང་པར་སྐྲུན་གནང་བའི་དཔེ་དེབ་ནང་ཞིབ་ཕྲ་འཁོད་ཡོད།
དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གཙོ་ཆེ་ཤོས་ནི། དང་པོ་དུས་རྒྱུན་དུ་རྒྱ་ནག་གཞུང་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དེ་ཁ་བྲལ་བ་རེད། རྒྱ་ནག་དང་ཁ་བྲལ་བའི་སྲིད་བྱུས་ཡོད་པ་རེད། ཅེས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད། དེ་སྔ་ནས་དེའི་ཐོག་ཁ་མཆུ་རྒྱག་བཞིན་ཡོད། རྒྱལ་སྤྱིའི་ཐོག་ནས་ང་ཚོར་དམ་བསྒྲགས་ཤུགས་ཆེ་ཡོད། དཔེར་ན། ལྷོ་ཨ་ཕི་རི་ཀའི་ནང་འགྲོ་རྒྱུའི་ཐད་དཀའ་ངལ་ཡོད་པ་མ་ཟད། ཨེ་ཤེ་ཡའི་ནང་ཡོད་པའི་ནང་པའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་ཡང་དཀའ་ངལ་ཡོད། ཡུལ་ལུང་དེ་དག་གི་ནང་ཕེབས་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ང་ཚོ་ཁ་བྲལ་བ་རེད། རང་བཙན་རྩོད་ཀྱི་ཡོད། ཅེས་བཤད་ཀྱི་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ང་ཚོ་རྒྱ་ནག་གཞུང་གི་བདག་དབང་དང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་མེད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་མི་རྣམས་ལ་རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་པའི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད།
དབུ་མའི་ལམ་ལ་ལྟ་སྟངས་མི་འདྲ་བ་ཁག་བཞིའི་སྒོ་ནས་ལྟ་དགོས། དང་པོ་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བྱ་རྒྱུ་ནི་གཙོ་ཆེ་ཤོས་རེད།
གཉིས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་ས་དེ་རྒྱ་གར་ཆགས་ཡོད། རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀའ་དྲིན་ཆེ་བ་མེད། རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འཛུགས་ཐུབ་པ་ལས་ལུང་པ་གཞན་དུ་འཛུགས་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག
སྐྱབས་བཅོལ་བ་ས་ཡ་དྲུག་བཅུའི་ནང་ནས་བཙན་བྱོལ་བོད་མི་རྣམས་ཚགས་ཚུད་ཤོས་རེད། རྒྱལ་ཁབ་ཡོད་པའི་ལུང་པའི་གནས་སྟངས་ལས་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཡག་པ་ཡོད། ཅེས་བརྗོད་ཆོག གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མོགན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་པ་དང་། དེ་སྔ་སྲི་ཞུ་བ་རྒན་པ་རྣམས་ཀྱི་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། མི་ཐོག་རྒན་པ་རྣམས་ཀྱིས་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད།
ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་གར་གཞུང་ལ་ཡིན་ནའང་རྒྱ་ནག་དང་འབྲེལ་ལམ་གནང་སྐབས་དོ་ཕོག་མི་འགྲོ་བར་ཧ་ལས་པ་ཕན་གྱི་ཡོད།
གསུམ་པ་རྒྱལ་སྤྱིའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ང་ཚོས་རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྤེལ་རྒྱུའི་སྡིངས་ཆ་སྐྲུན་པ་བརྒྱུད་རྒྱབ་སྐྱོར་ཤུགས་ཆེ་ཐོབ་བཞིན་ཡོད། དཔེར་ན། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་སྔགས་བརྗོད་ཀྱང་གནང་ཡོད།
བཞི་པ། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུ་དེ་ཡིན། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་སྐུ་པར་སྒྲོན་ཏེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས།།