ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་ Atal Bihari Vajpayee མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་སླད། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཁ་སང་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་རྒྱ་གར་གི་རླབས་ཆེན་དབུ་ཁྲིད་དང་། སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ Atal Bihari Vajpayee མཆོག་འདས་གྲོངས་སུ་གྱུར་བ་རེད། དེར་བརྟེན་དེ་རིང་འདིར་ང་ཚོ་ཚང་མ་ལྷན་འཛོམས་ཐོག་དམ་པ་ཁོང་ཚེ་རབས་ནས་ཚེ་རབས་བྱས་བསགས་སྡིག་ལྟུང་རྣམས་བྱང་ཤིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་། དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
གཞི་རྩའི་སྲིད་བློན་ཟུར་པ་ཁོང་ནི་རྒྱ་གར་གྱི་རླབས་ཆེན་དབུ་ཁྲིད་གཅིག་ཡིན་པ་མ་ཟད། བོད་དོན་ཐོག་ལ་མཚོན་ནའང་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན།
དེ་བཞིན་དམ་པ་ཁོང་ལ་མཚོན་ན་རྒྱ་གར་གྱི་གྲོས་ཚོགས་ནང་ལོ་ ༤༠ རིང་ཞབས་ཞུ་བསྒྲུབས་ཡོད། སྐབས་དེར་གོ་སྐབས་ནམ་བྱུང་སྐབས་བོད་དོན་སྐོར་གླེང་སློང་གནང་བ་ཙམ་མ་ཟད་། བོད་ཀྱི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་རྣམས་ཁུངས་ལྡན་ལུང་འདྲེན་གནང་མཁན་ཞིག་དང་། རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་ཐོག་བོད་འདི་ཇི་ཙམ་གནད་འགག་ཆགས་ཡོད་པ་གསལ་པོ་མཁྱེན་པའི་ཐོག་ནས་གསུང་སར་གསུང་ཐུབ་མཁན་ཞིག་ཀྱང་ཡིན།
སྤྱིར་ཚེ་འདས་དམ་པ་ཁོང་གིས་རྒྱ་གར་གྱི་སྲིད་བློན་ཐེངས་གསུམ་གནང་མྱོང་ཡོད་པ་མ་ཟད། ཕྱི་སྲིད་བློན་ཆེན་ཡང་གནང་མྱོང་ཡོད་འདུག
ཕྱི་ལོ་ ༡༩༥༧ ལོར་དམ་པ་ཁོང་གྲོས་ཚོགས་འཐུས་མིར་ཐོག་མར་བདམས་པ་དང་། གྲོས་ཚོགས་ཀྱི་ཚོགས་མི་གནང་རིང་ཚོགས་ཆུང་ཁག་མང་པོའི་ནང་ཕྱག་ལས་གནང་མྱོང་མཁན་ཞིག་དང་། ལྷག་པར་བོད་དོན་ལ་མཚོན་ན་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༨ ཉིན་གྲོས་ཚོགས་ནང་དུ་སྐབས་དེའི་རྒྱ་གར་གྱི་སྲིད་བློན་མཆོག་དབུ་བཞུགས་ཐོག་བོད་རང་བཙན་ཤོར་བའི་གནད་དོན་སྐོར་གླེང་སློང་གནང་སྐབས་བོད་རང་བཙན་དང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དབར་ཐད་ཀར་འབྲེལ་བ་ཡོད་པ་དང་། བོད་མི་ཚོར་རང་དབང་རང་བཙན་གྱི་ཐོབ་ཐང་ཆ་ཚང་ཡོད་པར་བརྟེན་རྒྱ་གར་གཞུང་གིས་དེ་མཚུངས་བོད་མི་ཚོར་རྒྱབ་སྐྱོར་གནང་དགོས་པ། དེ་བཞིན་རྒྱ་མི་བོད་ཀྱི་ས་མཚམས་སུ་སླེབས་ཟིན་རྗེས་རྒྱ་གར་ལ་འཕྲལ་ཕུགས་རྒྱང་གསུམ་ཐོག་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་ཁོང་གིས་མ་འོངས་ལུང་བསྟན་གནང་ཡོད།
ལྷག་པར་བོད་ནང་རྒྱ་མི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་། བོད་མི་ན་གཞོན་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་བརྫངས་ནས་རྒྱ་སྐད་དང་རྒྱ་ཡིག་སློབ་སྦྱོང་སྤྲོད་སྐབས་མ་འོངས་པར་འགོ་ཁྲིད་གསོ་སྐྱོང་བྱེད་བདེ་བའི་སྲིད་བྱུས་འདིང་བཞིན་ཡོད་པར་བརྟེན་རྒྱ་གར་གཞུང་གིས་བོད་མིར་དངོས་སུ་རྒྱབ་སྐྱོར་མ་བྱས་པའི་སྲིད་བྱུས་དེ་ཧ་ཅང་ནོར་འཁྲུལ་ཡིན་པ་གསུང་ཡོད། དེ་བཞིན་དམ་པ་ཁོང་གིས་རྒྱ་དཀར་ནག་གཉིས་དབར་བསླབ་པ་ལྔའམ་Panchsheel ཞེས་པའི་ཆིངས་ཡིག་བཞག་པའི་སྐོར་གསུང་སྐབས།
རྒྱ་གར་གཞུང་གིས་ཆིངས་ཡིག་དེའི་ཐོག་ནས་བོད་ནང་རིམ་བཞིན་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཡོང་རྒྱུ་ཡིན་སྐོར་གསུང་ཡང་རྒྱ་ནག་གཞུང་གིས་ད་བར་ལག་བསྟར་མ་བྱས་པ་དང་། ༡༩༥༠ ནས་ ༡༩༥༩ བར་ལོ་དགུ་ཕྱིན་ཟིན་ཡང་བོད་ཀྱི་དཀའ་རྙོག་སེལ་མ་ཐུབ་པ་དེར་དམ་པ་ཁོང་གིས་རྒྱ་གར་གྲོས་ཚོགས་ནང་གསུང་ཤུགས་ཧ་ཅང་ཆེན་པོའི་ཐོག་ནས་སྐྱོན་བརྗོད་གནང་མྱོང་ཡོད།
ཕྱོགས་མཚུངས་བོད་མི་རྣམས་བཙན་བྱོལ་དུ་ཐོག་མར་འབྱོར་མཚམས་མ་སི་མ་རི་ནས་རྡ་སར་གནས་སྤོ་བྱེད་སྐབས་བོད་མི་ ༣༠ ཙམ་གར་སོང་ཆ་མེད་དུ་གྱུར་བ་དང་། ལམ་དུ་བོད་མི་ ༥ འདས་གྲོངས་སུ་གྱུར་བར་བརྟེན་དམ་པ་ཁོང་གིས་ ༡༩༦༠ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གར་གྲོས་ཚོགས་ནང་དེའི་སྐོར་གླེང་སློང་ཤུགས་ཆེ་དང་སྦྲགས་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཛིན་བཞིན་པའི་སྲིད་བྱུས་ལ་ཐད་ཀར་སྐྱོན་བརྗོད་གནང་མྱོང་ཡོད།
དེ་བཞིན་དམ་པ་ཁོང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཇལ་འཕྲད་ཐེངས་མང་མཛད་མྱོང་བ་མ་ཟད། བོད་དོན་དང་འབྲེལ་བའི་ཚོགས་ཆེན་ཚུགས་སྐབས་སུའང་ཐེངས་མང་མཉམ་ཞུགས་གནང་མྱོང་ཡོད་སྐོར་སོགས་སྲིད་སྐྱོང་མཆོག་གིས་གསུང་མཐར་ཉེ་ལམ་དབྱར་དུས་ཡུ་རོབ་ས་ཁུལ་དུ་ཚ་དྲོད་ཧ་ཅང་རྒྱས་པ་དང་།
ཉི་ཧོང་དང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལས་མཚོན་ས་ཁུལ་ཁག་མང་པོའི་ནང་དུ་དེ་སྔར་མ་གྲགས་པའི་ཆུ་ལོག་དང་ས་རུད། འདམ་རུད་སོགས་རང་བྱུང་གོད་ཆག་ཚབས་ཆེན་འོག་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཧ་ཅང་ཕོག་ཡོད་སྟབས་འབྱུང་བའི་གནོད་འཚེ་མྱུར་དུ་ཞི་བ་དང་དཀའ་ངལ་འཕྲད་བཞིན་པ་རྣམས་སྡུག་བསྔལ་ལས་མྱུར་དུ་ཐར་བའི་སྨོན་འདུན་ཤུགས་དྲག་དང་བཅས་གསུང་བཤད་མཇུག་སྒྲིལ་གནང་ཡོད།
སྨོན་ལམ་གསུང་འདོན་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རྣམས་ལས་མཚམས་བཞག་ཡོད་པ་བཅས།།