ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ རེས་གཟའ་ལྷག་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ད་བར་མི་ལོ་ ༧༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན།
ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག སྲི་ཞུ་བ་དྲུང་འཕར་ཡན་གྱི་ལས་བྱེད་བཅས་ཚང་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༧༢ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་རྗེས་གསར་འགོད་པ་རྣམས་ལ་གསུང་དོན། དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༢ འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་ངོ་ ༧༢ འདིར་དཔལ་འབྱོར་གནས་བབ་ཆ་ནས་རྒྱ་གར་ནི་འཛམ་གླིང་ནང་ཨང་ལྔ་པ་ཆགས་ཡོད། ཡི་གེ་འབྲི་ཀློག་ཐུབ་མཁན་གྱི་གྲངས་ཚད་ལ་མཚོན་ན་མི་གྲངས་ཐེར་འབུམ་གཅིག་ལྷག་ཙམ་ཡོད། དེ་བཞིན་ཆབ་སྲིད་ཐོག་ནས་བརྗོད་ནའང་རྒྱ་གར་ནི་དེང་སྐབས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གྱི་གྲས་སུ་ཚུད་བཞིན་ཡོད།
དེར་བརྟེན་ལོ་ངོ་ ༧༢ རིང་དཔལ་འབྱོར་དང་། ཆབ་སྲིད། ཤེས་ཡོན་གང་གི་ཆ་ནས་་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་བ་ནི་ཧ་ལས་པ་ཞིག་རེད་བསམ་གྱི་འདུག དེ་རིང་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་འདིར་ངས་རྒྱ་གར་གཞུང་མང་ཡོངས་ལ་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། བོད་མི་དང་བོད་དོན་སླད་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀའ་དྲིན་ཆེ་བ་འཛམ་གླིང་འདིའི་ནང་རྒྱལ་ཁབ་གཞན་མེད་པར་བརྟེན་དེ་རིང་གི་གོ་སྐབས་དང་བསྟུན་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་དུ་རྒྱ་གར་གནའ་རབས་དཔལ་ན་ལེནྡྲའི་ལེགས་བཤད་བསྐྱར་གསོ་མཛད་རྒྱུ་གལ་ཆེར་གཟིགས་ནས་འཛམ་གླིང་ས་ཕྱོགས་གང་སར་བཀའ་སློབ་སྩོལ་བཞིན་ཡོད། བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་དཔལ་ན་ལེནྡྲ་ནས་རྒྱ་གར་གི་གནའ་བོའི་ལེགས་བཤད་རྣམས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གྱི་ངང་ནས་བདག་གཅེས་བྱས་པ་དེ་ད་ཆ་རྒྱ་གར་ནང་བསྐྱར་གསོ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེར་བོད་མི་ཚང་མས་ཐུགས་སྣང་ངེས་པར་གནང་རོགས། ཞེས་གསུངས། །