ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་ཧོལ་ལེན་ཌིའི་གྲོང་ཁྱེར་ཧེག་ Hague ནང་ཡོད་པའི་རྒྱ་གར་གཞུང་ཚབ་པ་མཆོག་གི་བཞུགས་གནས་མདུན་ཐང་དུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་མཉམ་ཞུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་དང་ལྷན་རྒྱལ་གླུ་བཏང་གྲུབ་མཚམས་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་ཝེ་ནུ་ར་ཇ་མོ་ནི Venu Rajamony མཆོག་གིས་དེ་ཉིན་རྒྱ་གར་གྱི་སྲིད་འཛིན་མཆོག་གི་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་དང་ལྷན་མང་ཚོགས་ནས་གཞུང་ཚབ་ཁང་གི་ལས་དོན་ཁག་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཡང་གནང་འདུག གསུང་བཤད་ལས་རིམ་གྲུབ་མཚམས་རྒྱ་གར་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་དང་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་འདུག
སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ཚེ་རིང་བྱམས་པ་ལགས་ཀྱང་ཕེབས་ཡོད་པ་བཅས།།