ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ ༥།༠༥ ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་ Atal Bihari Vajpayee མཆོག་འདས་གྲོངས་སུ་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༨ རེེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ NDMC Convention Centre ཞེས་པའི་ཚོགས་ཁང་དུ་ལྡི་ལི་ཁུལ་གྱི་བོད་མི་གཙོ་བོར་གྱུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཧི་མ་ལ་ཡ་མི་རིགས་བཅས་ནས་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་མཚོན་སླད་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
དེ་ཡང་མཆོད་འབུལ་སྨོན་ལམ་ཐོག་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། བླ་མ་ཆོས་འཕེལ་བཟོད་པ་ལགས། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar ལགས། རྒྱ་གར་བྱང་ཆུབ་ཆེན་པོའི་ཚོགས་པའི་ Mahabodhi Society of India ཟུང་དྲུང་སྐུ་ཞབས་ཨར་སུ་མི་ཐ་ནནྡཱ་ཐེ་རོ་ Ven. R.Sumiththananda Thero ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཀརྨ་དར་རྒྱས་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་པན་ཀ་ཇི་གོ་ཡལ་(Pankaj Goyal) ལགས། གཞན་ཡང་ལྡི་ལི་ཁུལ་གྱི་བོད་མི་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས། ནང་པའི་ཡུལ་གྲུ་ཤྲི་ལངྐ་དང་། མ་ཡ་མར། འབྲུལ་ཡུལ། བལ་ཡུལ་སོགས་ནས་ཁྱོན་མི་གྲངས་ ༧༠༠ ལྷག་འདུ་འཛོམས་གནང་ཡོད་པ་མ་ཟད། སྨོན་ལམ་གསུང་འདོན་སླད་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་ནས་དགེ་འདུན་པ་ ༤༠ ལྷག་ཆེད་གཉེར་གདན་ཞུ་གནང་ཡོད་པ་དང་། མཆོད་འབུལ་སྨོན་ལམ་དབུ་འཛུགས་ཀྱི་ཐོག་མར་དམ་པ་ཁོང་གི་སྐུ་པར་མདུན་དུ་མཆོད་མེ་དང་མེ་ཏོག་ཕུལ་ཏེ་བསྔོ་སྨོན་གསུང་འདོན་གནང་ཡོད་པ་བཅས།།