ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །རྒྱ་གར་གྱི་སྲིད་བློན་ཟུར་པ་དགུང་ལོ་ ༩༣ ཡིན་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་ Shri. Atal Bihari Vajpayeeji མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་ལྡི་ལི་ཨེམ་སི་སྨན་ཁང་ AIIMS དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་གསོ་གནང་དོན། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡི་མཆོག་འདས་གྲོངས་སུ་གྱུར་བར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་མི་སྣའི་ཁོངས་ཡང་དག་པའི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། དམ་པ་ཁོང་དེ་སྔ་རྒྱ་གར་གྱི་ Bharatiya Janasang ཞེས་པའི་ཆབ་སྲིད་ཚོགས་པའི་ཐུགས་འགན་བཞེས་བཞིན་པའི་དུས་སྐབས་སུ། ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཟིང་འཁྲུག་ལངས་སྐབས། སྐབས་དེའི་རྒྱ་གར་གཞུང་ལ་འཛམ་གླིང་གི་ཡང་ཐོག་ཏུ་དཀའ་ངལ་དེ་འདྲ་འཕྲད་བཞིན་པའི་སྐབས་འདིར་ང་ཚོ་རྒྱ་གར་བ་ཚོས་ཁ་ཁུ་སིམ་མེར་མ་སྡོད་པར་རྒྱ་ནག་ལ་གདོང་ལེན་བྱེད་དགོས་པའི་ལམ་སྟོན་ཞུས་མྱོང་ཡོད་པ་སོགས་དབུ་ཁྲིད་ཁོང་ནི་བོད་དོན་ཐོག་གླེང་སློང་ཤུགས་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་ཅེས་གསུངས་འདུག
དེ་བཞིན་དམ་པ་ཁོང་གིས་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་གར་གྱི་ཁེ་ཕན་དང་རྒྱ་གར་ལ་གནད་འགག་ཆགས་པའི་ཐོག་ནས་ད་ལྟ་བོད་ནང་གཏོར་བཤིག་འགྲོ་བཞིན་པ་འདི་རྒྱ་གར་གྱི་ཕུགས་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུ་ཡིན་པའི་གསུང་བཤད་ཡང་གནང་མྱོང་ཡོད།
སྲིད་བློན་ཟུར་པ་ཁོང་གི་ཡང་དག་པའི་དབུ་ཁྲིད་གནང་ཕྱོགས་ལ་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་ Bharat Ratna ཞེས་པ་དེ་འབུལ་ལམ་ཞུས་ཡོད། །