ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །སྦར་སེལ་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་༼བཙན་བྱོལ་བོད་མིའི་གྲུབ་འབྲས་ཀྱི་བྱུང་བ།༽ ཞེས་པའི་བརྗོད་གཞི་དང་འབྲེལ་བའི་སྐོར་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་།
སྐབས་དེར་ཨེ་སི་ཏོ་ནི་ཡ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཊོ་ནེ་ཀེ་ལམ་ Tunne Kelem ལགས་དང་། འཇར་མན་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བྷ་སི་བྷེལ་ཌར་ Bas Belder ལགས། ཕ་རན་སི་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ན་ཐ་ལེ་ Nathalie Griesbec ལགས། སི་པིན་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ར་མོན་ཏྲི་མོ་ས་ Ramon Tremosa ལགས། ལི་ཐུ་ཝེ་ནི་ཡ་ Lithuania ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལེ་མ་Laima Liucija Andrikienne ལགས། ཐེ་ཝན་གཞུང་ཚབ། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་ལས་རོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་ཚོགས་མི་བཅས་ཕེབས་ཡོད།
དེ་ཡང་པར་རིས་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་མཆོག་གིས། ཡུ་རོབ་གྲོས་ཚོགས་ནང་པར་རིས་འགྲེམས་སྟོན་འདི་ལྟ་བུ་གོ་སྒྲིག་ཞུས་ཐུབ་པར་ཧ་ཅང་དགའ་པོ་བྱུང་བ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྱུང་འགྱུར་འཇར་མན་ནང་ཆིབས་སྒྱུར་བསྐྱང་སྐབས་རང་ཉིད་ཀྱིས་འདས་པའི་ལོ་ངོ་ ༢༠ རིང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་ཆེད་ཕྱག་ལས་གནང་བའི་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་ཡིན། ཞེས་གསུངས།
ཐེངས་འདིའི་པར་རིས་འགྲེམས་སྟོན་གཙོ་བོ་ནི་ཨེ་ཊ་ལའི་པར་པ་ཨ་ལི་བྷར་ཊི་ནོ་ Albertino d’Urso ལགས་ཀྱིས་ཨེ་ཊ་ལེ་དང་། རྒྱ་གར། བལ་ཡུལ། ཐེ་ཝན། ནེའུ་ཡོག ཨིན་ཡུལ། ཕ་རན་སི། སུད་སི། སྦེལ་ཇམ། ཧོ་ལན་ཌི། ཁེ་ན་ཌ་བཅས་ཀྱི་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཁག་གཅིག་པར་བླངས་པ་གྲངས་ ༣༠ ལྷག་ཕྱོགས་བསྡུས་བྱས་པ་ཞིག་རེད།
པར་པ་ཨ་ལི་བྷར་ཊི་ནོ་ལགས་དོན་ཁང་གིས་མ
པར་པ་ཨ་ལི་བྷར་ཊི་ནོ་ལགས་ཀྱིས་པར་རིས་ཕྱོགས་བསྡུས་གནང་བའི་ཁྲོད་ནས་དམིགས་བསལ་ཁག་གཅིག་ནི། ཁེ་ན་ཌའི་ཨོན་ཊེ་རིའོ་ Ontario ས་གནས་གྲོས་ཚོགས་འཐུས་མི་བུ་ཁྲིད་དཀར་པོ་ཆེ་ལགས་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས། སྨན་པ་ཡེ་ཤེས་དོན་ལྡན་ལགས། སློབ་དཔོན་ཆེན་མོ་ངག་དབང་བསམ་གཏན་ལགས། གློག་བརྙན་སྒྲིག་སྦྱོར་བ་བསྟན་འཛིན་དཀོན་མཆོག་ལགས། ཨ་རིའི་མི་ནེ་སོ་ཊའི་བསྟན་འཛིན་སྒྲོལ་དཀར་ལགས། རྩོམ་པ་པོ་ཚེ་རིང་ཤཱ་ཀྱ། འཆར་འགོད་པ་ཉི་མ་རྡོ་རྗེ། ཧར་ཝཀྲ་སློབ་གཉེར་ཁང་གིས་ ༢༠༡༨ ལོའི་བེུད་ཀྱི་བྱ་དགའ་བཞེས་མཁན་འབུམ་རམས་པ་བློ་བཟང་དང་བཀྲིས་རབ་རྒྱས་བཅས་རེད།
སྐུ་ཚོབ་དོན་གཅོད་བཀྲིས་ཕུན་ཚོགས་མཆོག་ནས་མཛད་སྒོའི་སྐབས་གསུངས་དོན་ལ། བོད་མི་ཚོས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༠ ལྷག་འཁོར་གྱི་ཡོད་པ་དང་། དུས་ཚོད་དེའི་ནང་སྤྱི་ཚོགས་ཡར་ཐོན་ཅན་ཞིག་ཏུ་ཆགས་ཡོད། བོད་མི་ཚོ་རྒྱལ་ཁབ་གང་འདྲ་ཞིག་ནང་སླེབས་ཀྱང་ཁྲིམས་ལ་སྲུང་བརྩི་བྱེད་པ་དང་། གནས་ཡུལ་རྒྱལ་ཁབ་ལ་ཞབས་སྤྱི་ཚུལ་མཐུན་ཞུ་མཁན། འཚེ་བ་མེད་པ། ཡུ་རོབ་མཐུན་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གུས་བརྩི་ཞུས་མཁན་ཞིག་རེད། བོད་མི་ཚོ་བཙན་བྱོལ་ལ་གྱར་ནས་ཡ་ང་བ། ཐབས་སྡུག་པོ། བདེ་སྐྱིད་དང་བྲལ་བ་ཞིག་མ་ཡིན་པ་དེ་ད་ལྟའི་འགྲེམས་སྟོན་འདི་བརྒྱུད་གསལ་སྟོན་གནང་ཡོད་བཅས། །