ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༠ རེས་གཟའ་ཟླ་བ།༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་བསྙོན་འཛུགས་འོག་ཏུ་དུས་བཙོན་ཉེས་ཆད་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཉིས་སྔ་རྗེས་སུ་གློད་གྲོལ་བཏང་ཡང་། རྒྱ་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ཤུགས་ཆེར་བཏང་བའི་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཟླ་འདིའི་ཕྱི་ཚེས་༡༠ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་ནམ་མཁའ་བྱམས་ལོ་༦ བཙོན་འཇུག་དུས་ཡུན་ཚང་ནས་ཟི་ལིང་གི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་སྟེ་ཕ་ཡུལ་རེབ་གོང་ལྕང་སྐྱ་སྡེ་བར་འབྱོར་ཡོད་ནའང་། ཁོང་གི་འཕྲོད་བསྟེན་གནས་སྟངས་དང་གློད་གྲོལ་གཏོང་སའི་བཙོན་ཁང་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཅིང་། ཕྱི་ལོ་༢༠༡༢ ཟླ་༢ ནང་རྒྱ་གཞུང་གིས་དགེ་རྒན་ནམ་མཁའ་བྱམས་ལ་བོད་ནང་གི་རང་སྲེག་ཞི་རྒོལ་གྱི་གནས་ཚུལ་དང་པར་རིས་བོད་ཕྱི་ནང་གི་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་བརྒྱུད་གཏོང་བྱས་རབས་ཀྱི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བཀག་སྐྱིལ་བྱས་པ་དང་། ཕྱི་ལོ་༢༠༡༣ ཟླ་༤ ནང་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཐུན་རིན་རྫོང་དང་རྩེ་ཁོག་རྫོང་གཉིས་སུ་ཁྲིམས་ར་ཚོགས་ནས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་ཏུ་དགེ་རྒན་ནམ་མཁའ་བྱམས་ལ་ལོ་༦ དུས་བཙོན་དང་ལོ་༣ ཆབ་སྲིད་ཁེ་དབང་འཕྲོག་པ་དང་། གཅོད་པ་རྒྱལ་ལ་ལོ་༦ དུས་བཙོན་དང་ལོ་༣ ཆབ་སྲིད་ཁེ་དབང་འཕྲོག་པ། ལྕགས་ཐར་ལ་ལོ་༤ དུས་བཙོན་དང་ལོ་༢ ཆབ་སྲིད་ཁེ་དབང་བཙན་འཕྲོག མགོན་པོ་ལ་ལོ་༣ དུས་བཙོན་དང་ལོ་༡ ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཡོད་ཅིང་། དགེ་རྒན་ནམ་མཁའ་བྱམས་ཕུད་བོད་མི་གཞན་དག་དུས་ཐོག་གློད་གྲོལ་བཏང་ཡོད་མེད་ཀྱི་གནས་ཚུལ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།
འདི་ག་ལྟེ་གནས་ཁང་གིས་དེ་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གཞུང་གིས་གོང་ཞུས་བོད་མི་དེ་དག་ལ་ཉེས་འཛུགས་ཁྲིམས་ཆད་བཅད་སྐབས། གཅོད་པ་རྒྱལ་གྱིས་ཁྱེའུ་འཕྲིན་གླེང་མོལ་བརྒྱུད་ནས་བོད་རང་བཙན་དང་འབྲེལ་བའི་པར་རིས་དང་ཡི་གེ་ཕྱིར་བསྒྲགས་བྱས་ནས་རྒྱལ་ཁབ་ཁ་བྲལ་གྱི་གཏམ་བཤད་བྱས་རབས་དང་། ལྕགས་ཐར་གྱིས་མི་གཞན་གྱིས་རང་སྲེག་བྱེད་བཞིན་པ་ཤེས་བཞིན་དུ་སྔ་ཕྱིར་ཐེངས་གསུམ་ལ་མི་གཞན་པར་རང་སྲེག་མཁན་གྱི་འདྲ་པར་དང་ཁ་བྲལ་གྱི་ནང་དོན་ལྡན་པའི་པར་རིས་བཀྲམ་རབས། ནམ་མཁའ་བྱམས་ཀྱིས་རང་སྲེག་བྱེད་མཁན་པར་བརྒྱབ་སྟེ་གནས་འཕྲིན་དྲ་རྒྱ་སྤྱད་ནས་བོད་ཕྱི་ནང་གི་བོད་མིར་བརྒྱུད་གཏོང་བྱས་རབས། དེ་བཞིན་མགོན་པོ་ཡིས་རྒྱལ་ཁབ་ཁ་བྲལ་གྱི་ནང་དོན་ལྡན་པའི་རང་སྲེག་འདྲ་པར་བརྒྱུད་སྒྲོག་བྱས་རབས་ཀྱི་ནག་ཉེས་བཙན་འགེལ་བྱས་འདུག
ད་ལྟ་རང་ལོ་༥༦ ཡས་མས་ཤིག་ཡིན་པའི་དགེ་རྒན་ནམ་མཁའ་བྱམས་ནི་རེབ་གོང་ལྕང་སྐྱ་སྡེ་བ་ནས་ཡིན་ཞིང་། ཕྱི་ལོ་༡༩༨༠ ནང་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། འདས་པའི་མི་ལོ་༣༠ ལྷག་རིང་རེབ་གོང་ས་ཁུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་འདུག
ཕྱོགས་མཚུངས་ཟླ་འདིའི་ཕྱི་ཚེས་༡༣ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་མགོན་པོ་ཚེ་བརྟན་མི་ལོ་༡༢ བཙོན་འཇུག་གི་དུས་ཡུན་ཚང་༼བཙོན་ཁང་དུ་ཁོང་གི་རྣམ་འགྱུར་དྲང་བར་བཤད་ནས་ལོ་གཅིག་དང་ཕྱེད་ཀ་ཉུང་རུ་བཏང་འདུག༽ནས་བོད་ནང་གི་མཚན་གུང་ཙམ་ལ་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་པ་དང་། ཁོང་གློད་གྲོལ་གཏོང་སྐབས་བརྙན་དང་པར་སོགས་བརྒྱབ་མི་ཆོག་པའི་བཙན་བཀའ་བཏང་ཡོད་ཅིང་། ཁོང་གི་འཕྲོད་བསྟེན་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཕྱི་ལོ་༢༠༠༨ ཟླ་༣ ནང་རྨ་ཆུ་རྫོང་དབལ་བཎ་ཚང་ཡུལ་ཚོ་ཨུ་ཙུ་ཕྱུགས་རར་བྱུང་བའི་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པར་བསྙད་དེ། རྨ་ཆུ་རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ཟླ་ཤས་རིང་གང་བྱུང་བཀག་ཉར་དང་འདྲི་གཅོད་གཅར་རྡུང་དྲག་པོ་བཏང་མཐར། རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་མི་ལོ་༡༢ དུས་བཙོན་ཉེས་ཆད་བཅད་ནས་ལན་ཀྲུག་གྲོང་ཁྱེར་ཉེ་འགྲམ་གྱི་བཙོན་ཁང་ཞིག་གི་ནང་དུ་ངལ་རྩོལ་བྱེད་དུ་བཅུག་ཡོད་པ་དང་། ཁོང་བཙོན་འཇུག་སྐབས་སུ་ཁོང་གི་ཕ་རྒན་ཚེ་ལས་འདས་ཡོད་པ་རེད།
ད་ལྟ་རང་ལོ་༤༠ ཡིན་པའི་མགོན་པོ་ཚེ་བརྟན་ནི་རྨ་ཆུ་རྫོང་དབལ་བཎ་ཚང་ཡུལ་ཚོ་ཨུ་ཙུ་ཕྱུགས་ར་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་སྒར་རྒས་དང་མ་མིང་ལ་ལྷ་བྷེ་ཞུ་བ་དང་། ཁོང་ཆུང་དུས་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་མེད་པ་དང་། ཡུལ་དུ་ཁོང་གི་བཟའ་ཟླ་དང་བྱིས་པ་བུ་བུ་མོ་གཉིས་ཡོད་འདུག
གོང་ཞུས་བོད་ཀྱི་ཆབ་སྲིད་བཙོན་པ་ཁོང་གཉིས་ལ་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་པར་མ་ཟད་ཆབ་སྲིད་ཀྱི་ཁེ་དབང་ཡང་འཕྲོག་ཡོད་པ་དང་། རྒྱ་གཞུང་གི་ཉེས་དོན་བཅའ་ཁྲིམས་ལྟར་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེས་ཁ་བཟོས་པ་དང་ཉེས་དོན་གཞན་དག་ལ་ལོ་གཅིག་ནས་ལོ་ལྔ་བར་གྱི་དུས་བཙོན་ཉེད་ཆད་གཅོད་ཁར་ད་དུང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཆོག་པར་གཏན་འབེབས་བྱས་ཡོད་པ་དང་། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་མི་སྒེར་སུ་ཡིན་ཡང་ཉེན་རྟོག་པའི་དོགས་ཟོན་ལྟ་ཞིབ་འོག་ཏུ་འཇོག་གི་ཡོད་པ་དང་། ཁོ་ཚོར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་མི་ཆོག་པའི་ཁར་ཚོགས་འབྲེལ་རང་དབང་དང་འདུ་འཛོམ་རང་དབང་། བསམ་བརྗོད་རང་དབང་གི་ཐོབ་ཐང་ཁག་འཕྲོག་གི་ཡོད་པ་རེད། དགེ་རྒན་ནམ་མཁའ་བྱམས་བཙོན་གྲོལ་བཏང་ཉིན་ནས་བཟུང་ཁོང་གི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་པ་དང་། མགོན་པོ་ཚེ་བརྟན་གྱི་ཆབ་སྲིད་ཁེ་དབང་འཕྲོད་མིན་གྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།