ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་གོ་སྒྲིག་གནང་བའི་ཉིན་གྲངས་གཉིས་རིང་གི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་བཞི་པ་ལེགས་པར་མཇུག་སྒྲིལ་འདུག
དེ་ཡང་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། འགྲན་བསྡུར་གྱི་རྣམ་པའི་སྒོ་ནས་ཚོང་ལས་གཉེར་ཕྱོགས་ཀྱི་ཕུགས་བསམ་དང་། འཆར་གཞི་གཞི་རྒྱ་ཆེ་བ། སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་པ། འཆར་གཞི་ལྡན་པའི་ཚོང་པ་ཁག་གཅིག་ལ་དངུལ་གྱི་ཆེ་བསྟོད་རོགས་སྐྱོར་བྱ་དགའ་གནང་རྒྱུའི་འཆར་གཞི་ལྟར། དངོས་གཞི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༡༠ ཡོད་པའི་ནང་ནས་འཆར་འགོད་ལྡན་པའི་ཚོང་པ་གསུམ་དྲག་འདེམས་བྱུང་ཡོད་ཀྱང་གཟེངས་རྟགས་མ་ཐོབ་མཁན་རྣམས་འདུ་འཛོམས་ཐོག་མཉམ་ཞུགས་གནང་བ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་ཡིན་སྐོར་དང་། ཐེངས་འདིའི་འགྲན་བསྡུར་ནང་གཟེངས་རྟགས་མ་ཐོབ་མཁན་རྣམས་སེམས་ཤུགས་མ་ཆག་པར་མ་འོངས་པར་མུ་མཐུད་མ་དངུལ་རོགས་སྐྱོར་གཟེངས་རྟགས་ནང་མཉམ་ཞུགས་གནང་དགོས་སྐོར། ཚོང་པ་གསར་པ་ཞིག་ཡིན་ཕྱིན་དཀའ་ངལ་མང་དག་ཅིག་འཕྲད་ངེས་ཀྱང་དཀའ་ངལ་ལ་མ་འཛེམས་པར་གདོང་ལེན་གནང་དགོས་སྐོར་སྤྱི་དང་། ལྷག་པར་ཡར་ཐོན་ཚོང་པ་རྣམས་ནས་རང་རེའི་སྤྱི་ཚོགས་ལ་ཞབས་ཞུ་དང་ཚོང་པ་གསར་པ་རྣམས་ལ་གང་ཐུབ་མཐུན་འགྱུར་རོགས་རམ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཡར་ཐོན་ཚོང་ལས་ཐོག་འཆར་གཞི་ལྡན་པའི་ཚོང་པ་ཨང་དང་པོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་སྤེན་པ་ཚེ་རིང་ལགས་སུ་ཞིང་ལས་འཕྲུལ་ཆས་ལས་གཞིར་ Penpa Agri Services མ་འཛུགས་བྱ་དགའ་ཧིན་སྒོར་འབུམ་བདུན། ཨང་གཉིས་པར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནས་ཡིན་པ་བསྟན་འཛིན་གྲགས་པ་ལགས་སུ་ཀི་ཝི་ཤིང་འབྲས་འདེབས་ལས་ Kiwi Fruit Plants Cultivation ལས་གཞིར་མ་འཛུགས་ཧིན་སྒོར་འབུམ་ལྔ་དང་ལྔ་སྟོང་། ཨང་གསུམ་པར་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ནས་ཡིན་པ་དགེ་ལེགས་སྐལ་བཟང་ལགས་སུ་ཕྱུགས་གསོ་ལས་གཞིར་ Gelek Diary farm མ་འཛུགས་བྱ་དགའ་ཧིན་སྒོར་འབུམ་གཉིས་དང་དགུ་ཁྲི་ལྔ་སྟོང་ཐམ་པ་ཐོབ་ཡོད་པ་བཅས།།