ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས་ཉིན་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ནིའུ་ཡོག་ནས་ཆེད་དུ་ཝ་ཤིང་ཀྲོན་སྒྲི་སི་རུ་ཕེབས་ཏེ། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སུ་འཚམས་འདྲི་ཞུས་རྗེས། རྒྱུན་ལས་རྣམས་དང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། སྐུ་ཚབ་དོན་ཁང་གི་ལས་བྱེད་ངོ་ཡོད་རྣམས་མཉམ་དུ་ལྷན་ཚོགས་ཞིག་གནང་ཡོད།
སྐབས་དེར་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་དགེ་འཕེལ་ལགས་ཀྱིས་ལྷན་ཚོགས་ཐོག་གསུང་བཤད་གནང་སྐབས། སྐབས་ ༡༦ པའི་རྒྱུན་ལས་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་། དབུ་ཁྲིད་འོག་ཤར་བསྐྱོད་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་པའི་སྐོར་དང་། ཡོང་རྒྱུ་བསྡད་པའི་ལོ་གཅིག་རིང་གི་སྤྱི་མཐུན་ཚོགས་པའི་ལས་འཆར་སྐོར། སྤྱི་ཁང་ཕུན་ཚོགས་སྡེ་བཞི་གང་མྱུར་ཁྲིམས་མཐུན་བེད་སྤྱོད་ཆོག་རྒྱུར་འབད་རྩོན་གནང་བཞིན་པ་སོགས་སྤྱི་ཁང་དང་འབྲེལ་བའི་གནས་ཚུལ།
གཞན་ཡང་སྤྱི་མཐུན་ཚོགས་པའི་ལས་དོན་ཚགས་ཚུད་སླད་སྒྲིག་གཞི་དང་། གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་རྣམས་སྙན་སེང་ཞུས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་ཐོག་མར་གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། རྒྱུན་ལས་ཚང་མ་ཕྱག་ལས་མཛད་བྲེལ་ཆེ་ན་ཡང་ཆེད་དུ་དོན་གཅོད་ལས་ཁུངས་ལ་འཚམས་འདྲི་གནང་བར་ཕེབས་པར་ཧ་ཅང་གི་དགའ་ཚོར་དང་བཅས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་དོན་གཅོད་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྤྱི་དང་། ནིའུ་ཡོག་དང་ནིའི་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནི་མི་འབོར་མང་ཤོས་ཀྱི་དང་། ས་ཁུལ་ཆེ་ཤོས་ཀྱི་སྤྱི་མཐུན་ཚོགས་པ་ཞིག་ཡིན་སྟབས། རྒྱུན་ལས་རྣམ་པས་འགན་ཁུར་རྐང་ལེན་གྱིས་ནང་ཁུལ་ཆིག་སྒྲིལ་གྱི་ལས་དོན་ཐོག་དམིགས་བསལ་གྱི་ནུས་པ་འདོན་སྤེལ་དགོས་པའི་གལ་ཆེའི་རང་བཞིན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་ཞབས་སོར་འཁོད་ཐུབ་རྒྱུར་སྐུ་ཚབ་དོན་གཅོད་ཁང་ནས་འབད་བརྩོན་གནང་བཞིན་པའི་སྐོར། སྤྱི་ཁང་ལ་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་སེལ་རྒྱུར་དོན་གཅོད་ལས་ཁུངས་ནས་གང་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད། ཐེངས་འདིའི་རྒྱུན་ལས་རྣམས་ཕྱི་ལོ་ ༢༠༡༨ ཟླ་བ་ ༧ ཚེས་ ༧ ཉིན་བདམས་ཐོན་བྱུང་བ་ཞིག་ཡིན་པ་དང་། ཉེ་ཆར་གཞི་ནས་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་ཚར་མ་ཐག་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འཚམས་འདྲིར་ཕེབས་པ་ཞིག་རེད། ལྷན་ཚོགས་སུ་སྐུ་ཚབ་དོན་གཅོད་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་དང་། དྲུང་ཆེ་ཚེ་རིང་བཀྲ་ཤིས་ལགས་ཀྱང་མཉམ་ཞུགས་གནང་ཡོད། རྒྱུན་ལས་རྣམས་དོན་གཅོད་ལས་ཁུངས་སུ་འཚམས་འདྲི་དང་། ལྷན་ཚོགས་གྲུབ་རྗེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་བཅས།།