ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ནས་ཚེས་ ༢༨ བར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༥ ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་གཙོ་སྐྱོང་འོག་ལ་དྭགས་བསོད་ནམས་གླིང་མཉམ་འབྲེལ་གྱི་གོ་སྒྲིག་ཞུས་པའི་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ དབུ་འབྱེད་མཛད་སྒོར་ལྷན་ཞུགས་དང་། དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (LAHDC) ཀྱི་དེད་དཔོན་སྐུ་ཞབས་རྡོ་རྗེ་དངོས་གྲུབ་མཆོག་གིས་གཙོས་སླེའི་རྫོང་དཔོན་དང་སྤྱི་ཁྱབ་ཉེན་རྟོག་པ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།
ནང་སྲིད་བཀའ་བློན་མཆོག་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་མཆོག་ལ་རེ་སྐུལ་ཞུས་པ་བཞིན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་མཆོག་གིས་གཙོ་སྐྱོང་འོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དབུ་བཞུགས་ཐོག་ལ་དྭགས་སླེ་རྫོང་འཛིན་སྐྱོང་སྡེ་ཚན་ཁག་གི་ཆེས་མཐོའི་མི་སྣ་ཁག་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་སྐོང་ཚོགས་གནང་སྟེ་ལ་དྭགས་ལྷོ་བྱང་གཉིས་ཀྱི་བཙན་བྱོལ་བོད་མི་རྣམས་དང་། ལྷག་པར་བྱང་ཐང་ཁུལ་གྱི་བོད་མི་རྣམས་རྒྱུན་གནས་སྲ་བརྟན་ཐུབ་ཐབས་དཔལ་འབྱོར་དང་སྤྱི་ཚོགས་བཅས་ཀྱི་མཐུན་རྐྱེན་བསྐྲུན་དགོས་སྐོར། དེ་བཞིན་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ལག་བསྟར་གནང་རྒྱུའི་སྐོར་བགྲོ་གླེང་གནང་ཡོད་འདུག
ཚོགས་འདུའི་ཐོག་དེད་དཔོན་མཆོག་གིས་རྫོང་ལྷན་ཁང་ཁག་གི་འགོ་ཁྲིད་རྣམ་པས་བཙན་བྱོལ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་གང་མགྱོགས་སེལ་དགོས་པའི་བཀོད་མངགས་གནང་ཡོད།
ཕྱི་ཚེས་ ༢༧ ཉིན་བཀའ་བློན་མཆོག་གིས་ལ་དྭགས་བོད་ཁྱིམ་གྱི་ཚོགས་ཁང་ནང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་རྣམས་ལ་ལ་དྭགས་བྱང་ཐང་ཁུལ་གྱི་ལས་གཞི་ཁག་དང་། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ སྐོར་ངོ་སྤྲོད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད།
ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་མིག་དམར་བུ་ཁྲིད་ལགས་དང་། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །