ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ཉིན་དཔལ་ལྡན་བཀའ་ཤག་ནས་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༠༥ ནས་ལས་ཁུར་འགོ་འཛུགས་ཞུ་རྒྱུ་ཡིན་འདུག
དེ་ཡང་ནང་སྲིད་དྲུང་ཆེ་པད་བཀོད་དགེ་གླིང་འཆི་མེད་རིག་འཛིན་ལགས་ནི། ཕྱི་ལོ་ ༡༩༦༠ ལོར་པདྨ་བཀོད་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ལོར་རྡོར་གླིང་བོད་གཞུང་དབུས་སློབ་ནས་འཛིན་རིམ་བཅུ་གཉིས་དང་ཕྱི་ལོ་ ༡༩༨༧ ལོར་ BA ཐོན། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢ ཉིན་དྲུང་གཞོན་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་གསར་བསྐོ་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༠ ཉིན་བཀའ་ཡིག་དྲུང་གཞོན་དུ་ལས་འགན་བསྐོ་གཞག་དང་ཕྱི་ལོ་ ༡༩༩༧ ཟླ་ ༨ ཚེས་ ༥ ནས་གཞུང་ཞབས་ལས་ངོར་བསྐོ་གཞག ཕྱི་ལོ་ ༢༠༠༠ ཟླ་ ༡༡ ཚེས་ ༡༥ ནས་སྦིར་བོད་ཚོགས་བཟོ་གཞིས་ཀྱི་ས་གནས་འགོ་འཛིན་དང་མན་སྤར་ཕན་བདེ་གླིང་གི་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༢ ནས་ཟུང་དྲུང་གནས་རིམ་ཐོག་གནས་སྤར་དང་སྦྲགས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དུ་གནས་སྤོས་དང་ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༩ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་གནང་།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༣ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༣ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ནས་འཕྲོད་བསྟེན་ལས་ཁུངས་སུ་དྲུང་ཆེ་གསར་པ་བསྐོ་གཞག་མ་བྱུང་བར་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ནང་སྲིད་དྲུང་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༦ ནས་ནང་སྲིད་དྲུང་ཆེར་བསྐོ་གཞག་གིས་མུ་མཐུད་ལས་འཁུར་ཞུ་མུས་ཡིན་པ་བཅས།།