ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ རེས་གཟའ་ཟླ་བ།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༩ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ Human Rights Watch སྙན་ཐོ་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༢ ནང་བོད་རང་སྐྱོང་ལྗོངས་ཟེར་བས་སྤྱི་བདེ་ལས་ཁུངས་ནས་ཁྲིམས་འགལ་ལས་དོན་ཁག་གཅིག་ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་ནང་། དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། བོད་ཀྱི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་འགུལ་སྤེལ་བ་ཡིན་ན་ཉེས་ཅན་དུ་རྩི་རྒྱུ་ཡིན་པ་བརྗོད་འདུག་པ་མ་ཟད། བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་ཀྱང་ཁྲིམས་འགལ་དུ་རྩི་རྒྱུ་ཡིན་པ་བརྗོད་འདུག
བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་མ་དངུལ་བསྡུ་རུབ་བྱེད་པ་དང་རྩོད་རྙོག་རིགས་འདུམ་འགྲིག་གནང་བ་ཡིན་ན་ཁྲིམས་འགལ་དུ་རྩི་རྒྱུ་ཡིན་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་བླ་མ་དང་བོད་པའི་གནད་ཡོད་མི་སྣ་སོགས་ཀྱི་ཤུགས་རྐྱེན་གཏོར་བཤིག་གཏོང་རྒྱུ་ཡིན་པའི་དམིགས་ཡུལ་བཅངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཟེར་བས་ཁྲིམས་འགལ་ལས་དོན་ཁག་གཅིག་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ཁག་རྒྱུན་ལྡན་ཡིན་ཡང་། ཉེ་ཆར་རྒྱ་ནག་གཞུང་གི་ལས་འགུལ་དེས་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་རུ་གཏོང་གི་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས། །