ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་ས་ཉེ་འགྲམ་དུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༩ མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་དང་འབྲེལ་གསུང་བཤད་གནང་ཡོད།
དེ་ནས་རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་སྤྱི་ཟུར་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱི་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོའི་ལོ་རྒྱུགས་རྩེ་ཕུད་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གནང་གྲུབ་མཚམས། བོད་མིིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་གཙུག་ལག་སློབ་དཔོན་རྒན་ཨ་ཇམ་ལགས་སུ་ཉེ་བའི་གཙུག་ལག་སློབ་དཔོན་ Associate Professor གྱི་མཚན་གནས་དང་།
ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཞོན་པ་པ་སངས་ལགས་ཀྱིས་བརྩམས་པའི་ ༼བོད་ཀྱི་སྐད་ཡིག་ལག་རྟེན། ༽ དང་༼སི་ཏུ་སུམ་རྟགས་ཀྱི་ཁ་ཅིག་ཞིབ་འཇུག༽ ཅེས་པའི་དཔེ་དེབ་གསར་པ་གཉིས་དབུ་འབྱེད་དང་། སྐབས་གཉིས་པའི་ལོ་རྒྱུས་གཙུག་ལག་རམ་འབྱམས་པའི་བསླབ་པ་མཐར་སོན་རྣམས་ལ་ལག་འཁྱེར་གནང་ཡོད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དང་པོ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཌིབ་ལོ་མའི་ལག་འཁྱེར་གནང་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་དུ་མཚན་ཉིད་སློབ་གྲྭའི་དབུ་འཛིན་དགེ་བཤེས་དམ་པ་དེ་ཉིད་ཀྱིས་སཱ་ར་མཐོ་རིམ་སློབ་གཉེར་ཁང་བཙུགས་པ་ནི་རླབས་ཆེན་གྱི་བྱས་རྗེས་ཞིག་ཡིན་སྟབས། དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་།
ས་རཱ་མཐོ་སློབ་འདི་བཞིན་ཤེས་ཡོན་གྱི་བསྟི་གནས་ཁང་གཞན་དང་མི་འདྲ་བ་སྐྱ་སེར་ཕོ་མོ་དབྱེར་མེད་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་ཡོད་པར་ཨིན་ཡིག་དང་། དེང་དུས་དང་མཐུན་པའི་ཤེས་ཡོན། བོད་ཀྱི་སྐད་དང་རིག་གཞུང་ཟུང་འབྲེལ་གྱིས་སློབ་གཉེར་བསྟི་གནས་ཁང་ཞིག་ཆགས་ཡོད་སྐོར། སློབ་ཕྲུག་རྣམས་མཐོ་སློབ་མཐར་ཕྱིན་རྗེས་བོད་པའི་སྤྱི་ཚོགས་ཙམ་མིན་པར་ཕྱི་ལའང་ཕེབས་ཀྱི་རེད་བསམ་གྱི་འདུག སྐབས་དེ་དུས་ས་རཱ་མཐོ་སློབ་ཀྱི་སློབ་ཟུར་ཡིན་པའི་ངོས་ནས། དགེ་ལས་རྣམས་ཀྱི་སྐུ་ལས་སྐྱོན་པ་དེ་མ་བརྗེད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་བསྒྲུབ་རྒྱུ་རྩ་ཆེན་པོར་བརྩིས་ནས་དཀའ་ལས་རྒྱག་དགོས་པ་ནན་སྐུལ་གནང་ཡོད།
མཐར་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས།།