ཕྱི་ལོ་ ༢༠༡༨ ཟླ་ ༨ ཆེས་ ༢༣ རེས་གཟའ་ཕུར་བུ།
༄༅། །དགུང་ལོ་ ༨༠ ལ་སོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཕི་ཨ་ནན་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ་ཉིན་སུད་སིའི་རྒྱལ་ས་བྷན་ནང་འདས་གྲོངས་སུ་གྱུར་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཀོ་ཕི་ཨ་ནན་མཆོག་གི་ཆུང་མ་ལྕམ་ནཱ་ནེ་ཨ་ནན་ Nane M. Annan ལགས་དང་ནང་མིའི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཞབས་ཨ་ནན་མཆོག་གིས་འཛམ་གླིང་འདི་བཞིན་དྲང་བདེན་དང་ཞི་བདེ་ལྡན་པ་ཞིག་སྐྲུན་ཆེད་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བ་དེས་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་འཛམ་གླིང་མི་མང་གི་མངོན་འདོད་སྒྲུབ་རྒྱུའི་སེམས་ཤུགས་སྐྱེད་བཅུག་ཡོད་པ་མ་ཟད། ཁྱད་པར་དུ་གྲངས་ཉུང་མི་རིགས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཆེད་ཞབས་འདེགས་རླབས་ཆེན་ཞུས་པ་དེ་དག་ངས་དུས་རྟག་ཏུ་དྲན་ངེས་ཡིན། ཞེས་འཁོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ་ཀོ་ཕི་ཨ་ནན་མཆོག་ནི། ཨ་ཕི་རི་ཁ་གླིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་གྷ་ན་ལུང་པ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༧ ནས་ ༢༠༠༦ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཐེངས་བདུན་པའི་ཕྱག་ལས་གནང་། དམ་པ་དེ་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དེ་བཞིན་སྲ་བརྟན་དུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་རླབས་ཆེན་གྱི་ཕྱག་ལས་གནང་བར་ཕྱི་ལོ་ ༢༠༠༡ ལོར་ནོ་བེལ་གཟེངས་རྟགས་ཚོགས་ཆུང་ནས་ངོས་འཛིན་གྱིས་དམ་པ་དེ་ཉིད་དང་མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། །