ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ཐང་ཆེན་དུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་གསོལ་སྟོན་ཟབ་རྒྱས་འདེགས་འབུལ་སྐབས་བཀའ་སློབ་སྩལ་དོན། གྲོགས་པོ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་འདིར་ལ་དྭགས་ནང་པའི་ཚོགས་པ་ནས་གསོལ་སྟོན་གནང་བ་རེད། ང་ཚོ་མི་མང་པོ་ཞིག་ཐུག་རྒྱུའི་གོ་སྐབས་བྱུང་བ་རེད། འདིར་གསོལ་སྟོན་གྲ་སྒྲིག་གནང་མཁན་ཚོས་གྲ་སྒྲིག་གཟབ་རྒྱས་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལམ་ཐེངས་འདིར་ལ་དྭགས་སླེ་ལ་ཕྱི་ཟླ་ ༧ ཚེས་ ༣ ཉིན་འབྱོར་བ་རེད། དེ་རིང་ཕྱི་ཟླ་ ༨ ཚེས་ ༣ ཉིན་ཏེ་ཟླ་བ་གཅིག་ཕྱིན་འདུག དུས་ཡུན་འདིའི་རིང་སླེ་དང་། ལྡུམ་ར། ཟངས་དཀར། ཀར་གྷིལ་བཅས་ལ་ཁྱུག་ཙམ་སླེབས་པ་རེད། མི་མང་ཚོ་དད་པ་དང་དགའ་ཞེན་གཡོ་བ་མེད་པ་རེད་འདུག ངོས་རང་སེམས་འགུལ་ཐེབས་བྱུང་།
དེ་འདྲའི་ཐོག་ནས་བསྟན་པ་དང་འགྲོ་བར་ཕན་ཐོགས་ཕྲན་བུ་བྱུང་སོང་བསམ་པ་བྱུང་། དེ་བཞིན་མུལ་བྷེག་ཏུ་ཁྱུག་ཙམ་སླེབས་པ་རེད། ས་ཁུལ་དེ་ཚོ་ཚང་མས་ཆོས་ལུགས་དབྱེ་བ་མེད་པར་ Muslim ས་ཁུལ་སོ་སོར་ཡོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངོས་ཀྱི་ངོས་ནས་ས་གནས་སུ་དཀའ་ངལ་ཕྲན་བུ་འཕྲད་པ་དེ་དག་ལ་གཞན་སྐུལ་འདྲ་བྱས་ནས་ཕན་ཐོགས་བྱུང་སོང་བསམ་པ་དྲན་བྱུང་།
དེ་རིང་འདིར་ཁ་ལག་ཟ་རུ་ཡོང་བ་རེད་མ་གཏོགས་སྐད་ཆ་བཤད་སླད་ཡོང་བ་མ་རེད། སང་ཕོད་ལྡུམ་ར་འབྲི་བཀའ་དགོན་ཡུལ་ཐུན་མོང་ནས་ཡོང་རོགས་ཞེས་བརྗོད་ཀྱི་འདུག སང་ཕོད་དབྱར་དུས་རྡ་སར་ཆར་ཞོད་ཆེན་པོ་བྱས་ནས་བཞའ་རླན་ཆེན་པོའི་སྐབས་སུ་འདིར་གཅིག་ཡོང་ཐུབ་ན་བསམ་པ་ཞིག་དྲན་གྱི་འདུག འདིར་རྒས་པོ་ངལ་གསོ་རྒྱག་ཏུ་ཡོང་གི་ཡོད་པ་རེད་མ་གཏོགས་ཧ་ཅང་བྲེལ་བ་ཚ་པོ་བྱེད་རྒྱུའི་དོན་དུ་ཡོང་གི་མེད། དེར་བརྟེན་ཟངས་དཀར་དང་ལྡུམ་ར་ལ་འགྲོ་རྒྱུ་དེ་ཚོའི་གྲས་ལྟ་གིན་ལྟ་གིན་བྱེད་ཀྱི་ཡིན།
གང་ལྟར་མདོ་དོན་སྙིང་པོ་སྐད་ཆ་དྲང་པོ་བཤད་པ་ཡིན་ན། ལོ་རྒན་ད་ཆ་ལོ་ ༨༤ སླེབ་ཀྱི་ཡོད་པ་རེད། དེར་བརྟེན་མི་རྒན་ལོ་ ༨༤ སླེབ་པ་ཞིག་ལྷོད་ལྷོད་བྱས་ནས་ཚེ་རིང་བ་འདི་དགའ་བ་འདུག་གམ། བྲེལ་བ་ཚ་པོ་བྱས་ནས་ཚེ་ཐུང་བ་དགའ་བ་འདུག སྐད་ཆ་དྲང་པོ་བཤད་ན་འདི་འབྲེལ་བ་ཡོད། ཤེས་སོང་ངམ། དེར་བརྟེན་ངོས་རང་འདིར་ཡོང་ནས་ལྷོད་ལྷོད་སྡོད་རྒྱུ་བྱུང་ན་དྲན་གྱི་ཡོད་པ་རེད། ཕར་ཚུར་མང་པོ་འགྲོ་རྒྱུ་དེ་ཁ་ཐུག་དེར་ལྟ་གིན་ལྟ་གིན་བྱེད་ཀྱི་ཡིན།
ཁྱེད་རང་ཚོས་ཕྱོགས་གཅིག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བཞུགས་རོགས་གནང་ཞེས་ཁྱེད་རང་ཚོ་ཚང་མས་སྨོན་རྒྱག་བཞིན་ཡོད། ལྷག་པར་བོད་ནང་དཀའ་ངལ་མང་པོ་འཕྲད་བཞིན་པ་ཚོས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་༸ཞབས་པད་ཡུན་རིང་བརྟན་པར་ཤོག་ཅེས་སྨོན་ལམ་ཧ་ཅང་རྒྱག་བཞིན་འདུག ངོས་ཀྱི་ལུས་འདི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་རེད། ཧ་ཅང་ཐང་ཆད་རྒྱུའི་རིགས་བྱུང་ན་ཚེའི་འགལ་རྒྱེན་ཆགས་ཀྱི་རེད། འདི་དངོས་ཡོད་གནས་ཚུལ་རེད། མཁྱེན་སོང་ངམ། ངོས་ཀྱིས་ཁྱེད་རང་ཚོར་འདི་གཅིག་བརྗོད་འདོད་བྱུང་།
ཐེངས་འདིར་ལ་དྭགས་སླེ་རུ་སྡོད་རྒྱུ་ཉིན་མ་མཐའ་མ་དེ་ཆགས་ཡོད། འདིར་ཟླ་བ་གཅིག་བསྡད་པའི་རིང་། ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག ། ཅེས་ཉིན་ལྟར་སྨོན་ལམ་རྒྱག་བཞིན་ཡོད། སྨོན་ལམ་འདི་གང་ཙམ་སྒྲུབ་རྒྱུ་བྱུང་སོང་སྙམ་པའི་ངོས་རང་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་འབྲེལ་ཡོད་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་དང་། ང་ཚོ་ལོ་རྗེས་མར་ཕལ་ཆེར་ཐུག་གི་རེད། དེ་རང་ཡིན། དེ་རིང་འདིར་གཞས་སྣ་འཁྲབ་མཁན་དང་རོལ་མོ་གཏོང་མཁན། དེ་བཞིན་རོལ་མོ་གཏོང་མཁན་མང་པོ་ཞིག་སྔོན་མ་ནས་ངོས་ཀྱི་ངོ་ཤེས་པ་རེད། ཁྱེད་རང་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། གཞས་སྣ་གཏོང་མཁན་ཚོ་ལའང་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།།