ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་གྱིས་མཛད་འགན་བཞེས་མུར་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༡༤ [ཁ] དང་ ༤༤[ཀ] དགོངས་དོན་ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༨ འཁོད་ཁྲིམས་ཞིབ་པ་ཆེ་བའི་མཚན་ཐོག་སྙན་ཤོག་ཕུལ་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༣ ཉིན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནས་རྒས་ཡོལ་སྔ་སྣུར་ཞུས་ཡོད།
ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག་ནི་ཕྱི་ལོ་ ༡༩༥༥ ལོར་ལྷོ་མདོ་མཁར་ཆོས་ཁྲི་སྟེང་པའི་མི་ཚང་དུ་ཕ་པདྨ་དབང་རྒྱལ་ལགས་དང་མ་ཚེ་རིང་དབྱངས་ལགས་གཉིས་ཀྱི་རིགས་མྱུག་ཏུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བོད་ནས་འབྲུག་བརྒྱུད་འབུམ་སྡེ་ལ་དང་། ཕྱི་ལོ་ ༡༩༦༢ ལོར་འབུམ་སྡེ་ལ་ནས་ལྡི་ལི་བརྒྱུད་ཨོ་རི་སར་འབྱོར། ཨོ་རི་ས་ནས་མ་སུ་རི་སློབ་གྲྭར་གནས་སྤོས་ཀྱིས་ཕྱི་ལོ་ ༡༩༧༣ ལོར་འཛིན་རིམ་ ༡༡ ཐོན། ཕྱི་ལོ་ ༡༩༧༥ ལོར་བཙན་བྱོལ་གཞུང་གི་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཨོ་རི་སར་ཕྱི་ལོ་ ༡༩༧༩ བར་གཞིས་ལས་སྐད་དྲུང་དང་། ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༨༩ བར་བོད་གཞུང་ནང་སྲིད་ལས་ཁུངས་སུ་ལས་དོན་སྣེ་མང་འགན་འཁུར་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༢ བར་ཀུ་ལུ་ས་གནས་འགོ་འཛིན་ལས་འཁུར་བཞེས། ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༤ བར་བོད་གཞུང་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་གནང་། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་ཨ་རིར་ལོ་གཅིག་རིང་སློབ་སྦྱོང་དུ་བསྐྱོད།
ཕྱི་ལོ་ ༡༩༩༥ ནས་ཕྱི་ལོ་ ༡༩༩༨ བར་ལ་དྭགས་ལྷོ་བྱང་གཞིས་སྤྱིའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྦེང་ལོར་ལྷོ་སྤྱིའི་ལས་འགན་བཞེས། ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༢ བར་བོད་གཞུང་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་གནང་། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༣ བར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༠༣ ནས་ཕྱི་ལོ་ ༢༠༠༤ བར་ཚོགས་དྲུང་ལས་འཕར། ཕྱི་ལོ་ ༢༠༠༤ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས། ༢༠༠༥ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ། ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་། ཕྱི་ལོ་ ༢༠༡༠།༡༢ ནས་ ༢༠༡༣།༩ བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་འགན་འཁུར་ཞུ་མུས་ཐོག་ཁྲིམས་ཞིབ་པ་གཞན་དུ་འདེམས་ཐོན་བྱུང་།
ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་མཆོག་ཕྱི་ལོ་ ༢༠༡༣ ཟླ ༡༠ ཚེས་ ༣ ནས་ ༢༠༡༨ ཟླ་ ༠༩ ཚེས་ ༢ བར་དུ་ལོ་ངོ་བཞི་དང་ཟླ་གྲངས་ ༡༡ རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་འགན་བཞེས་ཡོད་པའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༨ ཟླ་ ༠༨ ཚེས་ ༡༠ ལ།།