ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་ཚོང་དོན་སྐུ་ཚབ་རྒྱ་གར་དུ་ཕེབས་སྐབས་གསུང་སྒྱུར་གྱི་ཞབས་ཞུ་བསྒྲུབས་མྱོང་མཁན་ཡབ་གཞིས་གཡུ་ཐོག་འཇིགས་མེད་རྡོ་རྗེ་མཆོག་ཨ་རིའི་སི་ཡ་ཊལ་ Seattle མངའ་སྡེའི་སུ་ཝི་ཌི་ཤི་སྨན་ཁང་ Swedish Hospital ནང་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༤ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༡ ལོར་བོད་ཀྱི་རྒྱལ་ས་ལྷ་སར་༸རྒྱལ་བ་༸སྐུ་ཕྲེང་ ༡༠ ཡབ་གཞིས་གཡུ་ཐོག་ཁྱིམ་དུ་ཡབ་གཡུ་ཐོག་བཀྲ་ཤིས་དོན་གྲུབ་དང་། ཡུམ་འཆི་མེད་གཡུ་སྒྲོན་གཉིས་ཀྱིས་སྲས་སུ་འཁྲུངས། ཡུམ་ལ་མཚོན་ན་དྭགས་པོ་གླང་མདུན་ཞེས་༸རྒྱལ་མཆོག་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་འཁྲུངས་ཁྱིམ་ནས་ཡིན་པ་མ་ཟད། གོང་ས་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་༸སྐུའི་ཚ་མོའང་ཡིན་འདུག ཕྱི་ལོ་ ༡༩༤༡ ལོར་རྡོར་གླིང་ཡེ་ཤུའི་སློབ་གྲྭར་ St.Joseph`s North Point ཕེབས་ནས་ཨིན་སྐད་སྦྱངས། ཕྱི་ལོ་ ༡༩༥༠ ལོར་དམ་པ་དེ་ཉིད་དགུང་གྲངས་ ༡༨ ལས་སོན་མེད་ཅིང་། སློབ་གྲྭ་འགྲིམ་བཞིན་པའི་སྐབས་སུའང་རྒྱ་གར་ནང་བོད་གཞུང་ཚོང་དོན་སྐུ་ཚབ་ཕེབས་སྐབས་དམ་པ་ཁོང་གསུང་སྒྱུར་དུ་བསྐོ་མངགས་གནང་བ་ལྟར་ཞབས་ཞུ་གང་ལེགས་བསྒྲུབས།
དེ་ཡང་བོད་གཞུང་ཚོང་དོན་སྐུ་ཚབ་རིམ་བཞི་ཟུར་ཁང་ལྷ་དབང་སྟོབས་རྒྱལ་མཆོག་དང་། མཁན་ཆུང་བློ་བཟང་ཚེ་དབང་མཆོག་དང་ལྷན་བཅར་ཞུས་ནས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནེ་རུ་མཆོག་མཇལ་འཕྲད་གནང་སྐབས་གསུང་སྒྱུར་ཞུས། ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤྱཱཀྱ་ཐུབ་པ་དེ་ཉིད་དགོངས་པ་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠༠ འཁོར་བའི་རྗེས་དྲན་མཆོད་འབུལ་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་དམ་པ་དེ་ཉིད་ཀྱིས་༸སྐུའི་གསུང་སྒྱུར་གྱི་འགན་བཞེས་མྱོང་བ་མ་ཟད། ༡༩༥༩ ལོར་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱེད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེན་གཡོལ་ཆེད་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་སུའང་༸སྐུའི་གསུང་སྒྱུར་ཞུས་འདུག
དེ་རྗེས་ཏེ་ཛི་པུར་དུ་གསར་འགོད་གསལ་བསྒྲགས་ཐོག་མ་སྤེལ་སྐབས་སུའང་དམ་པ་ཁོང་གིས་གསར་འགོད་གསལ་བསྒྲགས་བོད་ཡིག་ནས་ཨིན་སྐད་ཐོག་ཕབ་བསྒྱུར་སྒྲོགས་སྦྱང་ཞུས་འདུག དེ་ནས་མ་སུ་རིར་༸རྒྱལ་བའི་གཟིམ་ཆུང་དང་བོད་གཞུང་གི་འཕྲལ་སེལ་ལས་ཁུངས་འཛུགས་སྐབས་སུའང་ཨིན་དྲུང་གནང་། ཕྱི་ལོ་ ༡༩༦༧ ལོར་སི་ཧོར་གྲོང་ཁྱེར་དུ་བོད་གཞུང་གི་ཤོག་བུའི་བཟོ་གྲྭ་ G.S Mandidip Paper Mills ཐོག་མ་འཛུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་དམ་པ་ཁོང་གིས་ལས་ཁུར་དང་ལེན་ཞུས།
ཕྱི་ལོ་ ༡༩༥༤ ལོར་ལྷ་སར་ཕྱིར་ཕེབས་རྗེས་སྤོམ་མདའ་ཚང་གི་རིན་ཆེན་ཨོ་མོ་ལགས་དང་ལྷན་གཉེན་སྒྲིག་གནང་རྗེས་བུ་མོ་འཆི་མེད་གཡུ་སྒྲོན་དང་ཀུན་བཟང་བདེ་སྐྱིད་གཉིས་འཁྲུངས། ཕྱི་ལོ་ ༡༩༦༩ ལོར་ཨ་རིར་གནས་སྤོས་གནང་། ཕྱི་ལོ་ ༡༩༧༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་བཀའ་དྲིན་ཐོག་མ་སྐྱོང་སྐབས་སི་ཡ་ཊལ་མངའ་སྡེར་གདན་འདྲེན་ཞུས་པ་བཅས།།