ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིག་པའི་སྣང་གསལ་ Vidyaloke ཞེས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཁོན་ར་ཌི་ Conrad hotel གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་རྗེས་དེར་འཁོད་གཞོན་སྐྱེས་ཆེད་ལས་པ་དང་སློབ་ཕྲུག དེ་བཞིན་མི་མང་བཅས་ལ་བཀའ་སློབ་སྩལ་དོན།
མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། ཐོག་མར་ངོས་ནས་གསལ་པོ་བཟོ་དགོས་པ་ཞིག་ལ། ནམ་རྒྱུན་ངོས་ཀྱིས་མཛད་སྒོ་དེ་འདྲའི་སྐབས་མཆེད་གྲོགས་ཕོ་མོ་ཞེས་ཐ་སྙད་འདི་བེད་སྤྱོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ངོས་ཀྱིས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་འཚོ་བཞིན་ཡོད་པ་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་གྱི་ཡོད། འཛམ་གླིང་ཞི་བདེ་སྐྲུན་དགོས་ན་དང་པོ་རང་ཉིད་ཀྱི་སེམས་ཞི་བདེ་དང་ལྡན་པ་ཞིག་བཟོ་དགོས། ང་ཚོས་གཞན་ཕན་གྱི་བསམ་བློ་མང་ཙམ་གཏོང་དགོས། གཞན་ཕན་གྱི་བསམ་བློ་དེས་ནང་སེམས་ལ་སྟོབས་ཤུགས་དང་གདེང་སྤོབས་སྦྱིན་གནང་གི་ཡོད། ཤེས་ཡོན་ཅན་དང་འབྱོར་ལྡན་པ་ག་ཚོད་ཡིན་ཡང་། གལ་ཏེ་སེམས་ལ་ཞི་བདེ་མེད་ན། མི་ཚེ་སྐྱིད་པོ་ཡོང་གི་མ་རེད།
ངོས་རང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས་གཙོ་བོ་འགྲོ་བ་རིགས་དྲུག་གིས་མཚོན་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཀྱི་ཡོད། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དེ་དག་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་གཞན་འབྲེལ་བ་དེ་ཙམ་མེད། མཐའ་ན་འཇིག་རྟེན་འདིའི་སྟེང་གི་འབུ་སྲིན་དང་། བྱ་བྱིའུ། དུད་འགྲོ་སྲོག་ཆགས་སོགས་ཀྱི་བདེ་དོན་ཆེད་ང་ཚོས་རོགས་དེ་ཙམ་བྱེད་མི་ཐུབ། དོན་དམ་པའི་ང་ཚོས་རོགས་བྱེད་ཐུབ་པ་ནི་འགྲོ་བ་མི་གཅིག་པུར་རེད།
གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་དཀའ་ངལ་མང་དག་ཅིག་འབྱུང་གི་ཡོད། དཀའ་ངལ་མང་པོ་ཞིག་ང་ཚོ་འགྲོ་བ་མི་རང་གིས་བཟོས་པ་ཤ་སྟག་རེད། ང་ཚོ་གཅིག་ལ་གཅིག་བརྟེན་གྱི་སྲོག་ཆགས་རེད། ང་ཚོ་གཅིག་ལ་གཅིག་བརྟེན་ནས་འཚོ་བཞིན་ཡོད། འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་དང་། ཚུལ་ཁྲིམས། ཆོག་ཤེས། བཟོད་སྒོམ་སོགས་ཀྱི་སྐོར་གཅིག་མཚུངས་སུ་གསུང་གི་ཡོད་ནའང། སྐབས་རེ་ཆོས་ལུགས་གཅིག་གི་རྗེས་འབྲང་པ་ཡིན་བཞིན་དུ་ནང་ཁུལ་དབར་མི་གསོད་ཁྲག་སྦྱོར་བྱེད་ཀྱི་ཡོད། བྱ་སྤྱོད་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།
མི་རྣམས་ཀྱིས་མི་རིགས་དང་། ཆོས་ལུགས། དབུལ་ཕྱུག་གི་ཁྱད་པར་སོགས་ཀྱི་སྐོར་ནན་ཏན་དུ་བྱེད་ཀྱིན་ཡོད་ཀྱང་། དོན་ངོ་མར་ང་ཚོས་རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་ཡིན། དེར་བརྟེན་ངོས་ཀྱིས་འགན་ཁུར་དང་པོ་དེ་ང་ཚོ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། རྒྱ་གར་ནང་ཆོས་ལུགས་ཚང་མ་མཉམ་གནས་དང་མཐུན་སྒྲིལ་ཡོད་པས། ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད།
ངོས་རང་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པའི་ཆ་ནས། གཞིས་བྱེས་བོད་མི་ཡོངས་ནས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་བྱེད་རྒྱུའི་ངོས་ལ་འགན་ཡོད། ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་པ་ཡིན།
ཐོག་མར་བོད་ལ་ཡོད་སྐབས་དེ་དུས་ཀྱི་འགྲོ་སྟངས་ཤིག་ཡོད་པ་དེ་ནི་རྒྱལ་པོའི་དབང་འཛིན་ལྟ་བུ་དང༌། དེའི་འོག་གཞུང་ཞབས་ཚོས་དབང་ཆ་བཟུང་བ། དྲང་པོ་དེ་ཙམ་མེད་པ་ངོས་རང་ཆུང་ཆུང་སྐབས་མང་པོ་གོ་མྱོང༌། དེ་དུས་ངོས་ལ་སྐད་ཆ་ཤོད་མཁན་དང་ཚགས་པར་ལྟ་བུ་ནི་གད་པ་ཚོ་རེད། གད་པ་ཚོས་སྐུ་དྲག་ཆེ་གེ་མོ་ཞིག་གིས་རྒྱུ་དངོས་བཟས་པ་རེད། སྐུ་དྲག་ཆེ་གེ་མོ་ཞིག་གིས་དྲང་པོ་མ་བྱས་པ་རེད་ཟེར་བ་ངོས་ཀྱིས་རྟག་པར་ཐོས་ཀྱི་ཡོད། དེ་བཞིན་འཛམ་གླིང་ཕྱིའི་མང་གཙོའི་འགྲོ་སྟངས་ཕྲན་བུ་ཐོས་སྐབས་མང་གཙོ་ཟེར་བ་དེ་དངོས་ནས་ཡང་དག་པ་རེད་བསམས་ནས་དེ་སྔའི་ང་ཚོའི་ཁྲལ་འུ་ལག་གྱི་འགྲོ་སྟངས་དེ་ཚོར་བསྒྱུར་བཅོས་གཏོང་ཆེད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་སྤྱི་ཚོགས་ཤིག་བཙུགས་པ་ཡིན། འོན་ཀྱང་རྒྱ་མི་གུང་ཁྲན་གྱི་ངོས་ནས་མང་གཙོའི་བཅོས་བསྒྱུར་ཟེར་བ་ཁོང་ཚོས་བྱེད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པས་བོད་པ་རང་ལ་རན་པའི་བཅོས་བསྒྱུར་ཞིག་ལག་ལེན་ཐུབ་པ་ཡིན་ན། ཁོང་ཚོའི་བཅོས་བསྒྱུར་ལ་འགལ་རྐྱེན་ཡོང་རྒྱུ་རེད་བསམས་ནས་འགོག་རྐྱེན་བཟོས་ཡོད།
ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ནང་ང་ཚོས་མང་གཙོའི་ལམ་སྲོལ་འགོ་བཙུགས་པ་ཡིན། ད་ལྟ་ངོས་ཀྱི་འགན་གཞན་པ་ཞིག་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། ང་ཚོ་བོད་པས་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་མི་ཉམས་རྒྱུན་འཛིན་བྱེད་ཐུབ་ཡོད། དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་གིས་གཙོ་བོར་ཚད་མ་རིག་པ་དང་རྒྱུ་མཚན་ལ་དཔྱད་པ་གནང་གི་ཡོད། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་རྗེས་འཇུག་པ་རྣམས་ལ་འདི་ལྟར་གསུང་ཡོད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ཁོང་རང་གི་ཆོས་ཚུལ་འདི་བཅོམ་ལྡན་འདས་ལ་གུས་པ་དང་དད་པ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་ཁས་བླང་དགོས་ཀྱི་མེད། བཅོམ་ལྡན་འདས་ཀྱིས་གསུང་པ་དེ་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་བྱོས། དེ་ལ་རིག་པའི་གནོད་པ་ཡོད་མེད་དང་རིག་པའི་རྒྱབ་བརྟེན་ཡོད་མེད་དཔྱད་པ་བྱས་ནས་རྒྱབ་རྟེན་ཡོད་པ་དང་རིག་པས་གནོད་པ་མེད་པ་དེ་དག་ཁས་བླངས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིག་པས་གནོད་པ་ཡོད་ཚེ་ཁས་ལེན་དགོས་ཀྱི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུང་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་ནང་ནས་སློབ་དཔོན་ཀླུ་སྒྲུབ་དང་། ཕྱོགས་གླང་། ཆོས་གྲགས། མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་མཐའ་ན་སངས་རྒྱས་ཀྱི་གསུང་དང་། རྒྱ་གར་ལ་ཡོད་པའི་ཆོས་བརྒྱུད་དང་ལྟ་གྲུབ་འདྲ་མིན་གྱི་མཁས་དབང་དག་གི་ཚད་མའི་གཞུང་ལ་ཞིབ་བསྡུར་བྱས་ཏེ་ཧ་ཅང་སྤུས་དག་གི་ཚད་མའི་གཞུང་མཛད་ཡོད།
མཁན་ཆེན་ཞི་བ་འཚོ་དང་ཁོང་གི་སློབ་མ་ཀ་མ་ལ་ཤཱི་ལས་ནང་པ་སངས་རྒྱས་པའི་ཆོས་བོད་ནང་གཞི་ཚུགས་པ་རེད། རིམ་པས་བོད་ནང་ཚད་མ་རིག་པ་དར་ཁྱབ་ཕྱིན་ཡོད། མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་བོད་པས་ནང་པ་སངས་རྒྱས་པའི་ཆོས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་དེས་བོད་ཀྱི་སྐད་ཡིག་ཕྱུག་ཏུ་བཏང་ཡོད་པས། དེ་རིང་སང་ཉིན་ནང་ཆོས་སྦྱོང་དགོས་ན་བོད་ཡིག་ཡག་ཤོས་ཆགས་ཡོད།
བོད་མཐོ་སྒང་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་པས། བོད་ཀྱི་ཁོར་ཡུག་ལ་བདག་བཅེས་བྱ་རྒྱུ་གལ་ཆེན་པོ་ཡིན། གལ་ཏེ་ད་ལྟ་ནང་བཞིན་མུ་མཐུད་ཕྱིན་པ་ཡིན་ན། ཉིན་ཞིག་བོད་མཐོ་སྒང་དུ་ཁ་བ་འབབ་ཚད་ཉུང་དུ་འགྲོ་རྒྱུ་དང་། དེ་ལ་བརྟེན་ནས་བོད་མཐོ་སྒང་གི་འཁྱགས་རོམ་རྣམས་བཞུས་ནས་ཨེ་ཤི་ཡའི་ལུང་པ་ཕལ་ཆེ་བའི་ནང་ཆུའི་དཀའ་ངལ་འཕྲད་ངེས་ཡིན། ངོས་ཀྱི་འགན་བཞི་པ་ནི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་བསྐྱར་གསོ་བྱེད་ཀྱི་ཡོད། དེང་རབས་རྒྱ་གར་བ་ཚོས་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་ལ་དོ་སྣང་དེ་ཙམ་མ་བྱས་པར་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ནའི་རྗེས་སུ་སོང་བ་ལྟ་བུ་འདུག གཟུགས་པོའི་འཕྲོད་བསྟེན་ཡོང་བར་སེམས་ཀྱི་འཕྲོད་བསྟེན་དགོས།
རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་རྒྱས་པོ་གསུང་ཡོད།
དེང་དུས་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་པ་ཞིག་རེད།རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གཞུང་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་ཐོག་འགྲོ་ཐུབ་པ་ཡིན་ན། སྐྱེ་བོ་སྒེར་སོ་སོ་ལའང་སྙིང་སྟོབས་དང་གདེང་ཚོད་སླེབ་ཐུབ་པ་མ་ཟད། ལས་ཀ་ཡང་ཕྱི་གསལ་ནང་གསལ་བྱེད་ཐུབ་མཁན་ཞིག་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་བ་དང་སྦྲགས་མཛད་སྒོ་དགོད་སྒྲའི་ངང་གྲོལ།།