ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་བསྟན་འཛིན་སྒང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉེ་ཆར་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ དང་ ༡༣ ཉིན་ཨ་རུ་ན་ཅལ་མངའ་སྡེའི་འབུལ་སྡེ་ལ་རྫོང་དང་བསྟན་སྒང་བོད་མིའི་གཞིས་ཆགས་ནང་སཱུ་མས་བོད་མིར་ངོ་རྒོལ་བྱས་པར་རང་རིགས་སྤྱི་ཚོགས་ནང་གནས་ཚུལ་གསལ་པོ་མ་ཤེས་པར་གཡས་དཀྲུག་གཡོན་དཀྲུག་བྱས་ནཐ་སྤྱི་ཚོགས་ཁྱོན་ཡོངས་ལ་རྡབ་སིག་འགྲོ་ཉེན་འདུག་པར་བློ་ཕམ་ཆེན་པོ་འདུག དཔེར་ན། དྲྭ་ལམ་ཁག་དང་ངོ་དེབ་སོགས་སུ་ ༼བོད་གཞུང་གང་དུ་ཡོད་དམ། གནས་ཚུལ་འདི་ལ་ཐེ་བྱུས་གནང་ངམ། ༽ སོགས་དྲ་ཚིགས་སྐུལ་ནས་སྤྱི་ཚོགས་ནང་རྙོག་གླེང་བཟོ་ཉེན་ཆེན་པོ་འདུག་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་སོགས་ནི་གཞིས་ཆགས་འདི་གའི་ས་གནས་འགོ་འཛིན་ལས་ཁུངས་ཆགས་ཡོད་ལ། ས་གནས་འགོ་འཛིན་ལས་ཁུངས་ནས་ཀྱང་གནས་ཚུལ་དེའི་ཐད་སེམས་ཁུར་ཆེ་བཞེས་ཀྱིས་མངའ་གཞུང་དཔོན་རིགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་འབྲེལ་བ་ཞུས་ནས་ས་གནས་གཞིས་མི་རྣམས་ལ་བདེ་སྲུང་གནང་བཞིན་ཡོད། མངའ་གཞུང་གི་བློན་ཆེན་དང་། རྫོང་དཔོན་སོགས་ནས་ཀྱང་རྙོག་གླེང་འདི་རིགས་གང་མྱུར་ཞི་ཐབས་གནང་བཞིན་ཡོད་པས། རང་རིགས་རྣམས་དེའི་ཐད་ཐུགས་ཁྲལ་གནང་མི་དགོས་པ་ཞུ་རྒྱུ། གལ་སྲིད་བློ་མི་བདེ་བའི་གང་ཟག་རེ་གཉིས་ཡོད་ཚེ་དྲྭ་ལམ་ཁག་ཏུ་གང་བྱུང་མ་བཀོད་པར་ཐད་ཀར་འདི་གའི་ས་གནས་འགོ་འཛིན་ལ་འབྲེལ་བ་གནང་ན་གནས་ཚུལ་འཐུས་ཚང་ངོ་སྤྲོད་ཞུ་ཆོག
སཱུ་མས་བོད་མིར་ངོ་རྒོལ་བྱེད་བཞིན་ཡོད་རུང་། རང་རིགས་རྣམས་ཀྱིས་སེམས་ལ་འཇོག་དགོས་པ་ཞིག་ལ། གོང་གསལ་ཨ་རུ་ན་ཅལ་ནང་ན་གཞོན་ཁ་ཤས་མ་གཏོགས་ཡུལ་མི་སྤྱི་ནས་བོད་མིར་ངོ་རྒོལ་གནང་མཁན་ཉུང་ཤས་ལས་མེད། མོན་རྟ་དབང་ནང་གི་ཡུལ་མི་དང་འབུམ་ལ་བཅས་ཀྱི་ས་ཁུལ་ནང་དུ་གནས་པའི་ནང་པ་ཡིན་པའི་མོན་པ་རྣམས་ནས་ད་ལམ་བོད་མིར་རྙོག་གླེང་བྱུང་བ་ལ་བློ་འཚབ་དང་རྒྱབ་སྐྱོར་སོགས་གང་ཐུབ་གནང་བཞིན་ཡོད་པར་བོད་གཞུང་དམངས་གཉིས་ནས་མཁྱེན་དགོས་པ་གལ་ཆེ་ཞུ་རྒྱུ་བཅས།།