ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ནས་ཚེས་ ༢༨ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་དང་། མའེ་སོར། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཁྱབ་ཁོངས་དང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་གཉིས་པ་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཟླ་འདིའི་ཚེས་ ༡༧ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ས་གནས་སྒང་ཏོག་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ལྡི་ལི་བཅས་སོ་སོ་ནས་སྦེང་ལོར་དུ་ཕེབས་ཐོན་གནང་སྟེ་ལྷན་འཛོམས་གནང་རྒྱུ།
ཕྱི་ཚེས་ ༡༩ དང་ ༢༠ ལ་སྦེང་ལོར་ཁུལ་དུ་ལས་རིམ་དང་། ཕྱི་ཚེས་ ༢༡ ནས་ ༢༧ བར་གོང་འཁོད་ས་གནས་གཞན་རྣམས་ལ་ལས་རིམ། ཕྱི་ཚེས་ ༢༨ ཉིན་སྤྱི་འཐུས་རྣམ་གཉིས་སྦེང་ལོར་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་འདུག་པ་བཅས།།