ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༧ རེས་གཟའ་པ་སངས།
༄༅།འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀར་གིལ་ Kargil གྲོང་ཁྱེར་གྱི་བཞུགས་གནས་གསོལ་མགྲོན་ཁང་དུ་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་བསྟུན་དད་ལྡན་མི་མང་ ༣༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ། དེ་རྗེས་ཆུ་ཚོད་ ༡༠ ཙམ་ལ་༸གོང་ས་མཆོག་གིས་གླེ་དང་ཀར་གིལ་དབར་ཆགས་པའི་སྔོ་ལྗང་མཛེས་སྡུག་ལྡན་ཞིང་། གཡས་གཡོན་བྲག་རིས་སྐོར་བའི་ཡུལ་ལུང་ཆུང་ཆུང་ཝ་ཀ་མུལ་སྦེག་ Wakha-Mulbekh ཞེས་མི་འབོར་ལྔ་སྟོང་ཙམ་ཡོད་ས་དེར་སི་པི་རིང་དྲེལ་ཞེས་པའི་སློབ་གྲྭ་ Spring Dales Public School ཞིག་ཡོད་པ་དེར། ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་དང་དད་ལྡན་སེར་སྐྱ་མང་ཚོགས་ཙམ་མ་ཟད། ཡུལ་དེའི་ནང་གི་ཁ་ཆེ་གང་ཙམ་ཞིག་ནས་ཀྱང་ཆེད་མངགས་སློབ་གྲྭའི་ཐང་དུ་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྡིངས་ཆའི་སྒང་༸ཞབས་སོར་འཁོད་མཚམས་སློབ་སྤྱི་ཚེ་དབང་ནོར་བུ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། དུས་རབས་ ༢༠ ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་རིགས་ཚབས་ཆེ་བྱུང་བར་བརྟེན་དཀའ་སྡུག་ཧ་ཅང་མྱངས་ཡོད། དུས་རབས་དེའི་རིང་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས་བརྗོད་པ་ལྟར་ན་མི་གྲངས་ས་ཡ་༢༠༠ དམག་འཁྲུག་དང་མུ་གེ་སོགས་འཚེ་བའི་བྱ་སྤྱོད་འོག་ཚེ་སྲོག་ཤོར་འདུག ངོས་རང་དུས་རབས་ ༢༠ མི་རབས་ཡིན་ཡང་ཁྱེད་ཚོ་འདིར་ཡོད་པའི་གཞོན་སྐྱེས་ཚོ་དུས་རབས་ ༢༡ ནང་གི་མི་རབས་ཆགས་ཡོད། ངོས་རང་༡༩༣༥ ལོར་སྐྱེས་པ་རེད། སྐབས་དེར་ཉི་ཧོང་དང་རྒྱ་ནག་དབར་དམག་འཁྲུག་འགོ་འཛུགས་རྒྱུར་མངོན་དུ་ཕྱོགས་ཡོད།
ཡུ་རོབ་ནང་ལ་མཚོན་ན་ན་ཙི་འཇར་མན་སྟོབས་ཤུགས་རྒྱས་ཤིང་འཛམ་གླང་དམག་ཆེན་གཉིས་པའི་མཚམས་དེར་རེད། དེ་རྗེས་ཀོ་རི་ཡ་དང་ཝི་ཏི་ནམ་དམག་བྱུང་བ་མ་ཟད། ཨུ་རུ་སུ་དང་རྒྱ་ནག་ནང་དུ་ནང་འཁྲུག་བྱུང་བར་བརྟེན་འཚེ་བའི་ལས་འགུལ་ཧ་ཅང་སྤེལ་ཡོད། དུས་རབས་ ༢༠ སྐབས་ངོས་ཀྱི་མི་ཚེའི་ནང་འཚེ་བའི་ལས་འགུལ་ཧ་ཅང་ཤུགས་ཆེ་སྤེལ་བ་མཐོང་བྱུང་། ད་ཆ་དུས་རབས་ ༢༡ ནང་བསླེབས་ཡོད། འོན་ཀྱང་བསམ་ཚུལ་མི་མཐུན་པ་སོགས་བྱུང་མ་ཐག་དེ་སྔ་དུས་རབས་ ༢༠ ནང་གི་བསལ་བློ་དེ་འཁྱེར་ནས་ལམ་སེང་དཀའ་ངལ་དེ་དག་དྲག་པོ་དང་འཚེ་བའི་ལམ་ནས་སེལ་ཐབས་བྱེད་བཞིན་འདུག
དེང་སྐབས་སུའང་འཛམ་གླིང་འདིའི་ནང་གོ་མཚོན་ཡར་རྒྱས་གཏོང་ཆེད་འགྲོ་གྲོན་ཧ་ཅང་ཤུགས་ཆེ་གཏོང་བཞིན་འདུག ཕྱོགས་གཅིག་ནས་དུས་རབས་ ༢༠ འགོ་སྟོད་དང་སྨད་མཚམས་སུ་མི་མང་གི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཤུགས་ཆེ་ཕྱིན་ཡོད་པ་ཧ་ཅང་གསལ་པོ་རེད། གང་ཡིན་བརྗོད་ན་དུས་ ༢༠ འགོ་སྟོད་ཙམ་ནང་རྡུལ་ཕྲན་མཚོན་ཆ་བཟོ་ཐུབ་པ་ཡིན་ན་རྒྱལ་ཁབ་སུ་ཡིན་ཡང་ཧ་ཅང་སྤོབས་པ་བྱས་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རིམ་བཞིན་འཛམ་གླིང་མི་མང་ཚོས་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཡུ་རོབ་སྤྱི་མཐུན་ཚོགས་པ་གསར་འཛུགས་ཐུབ་པ་བྱུང་ཡོད། སྤྱི་མཐུན་ཚོགས་པ་དེའི་ལྟ་གྲུབ་ལངས་ཕྱོགས་ལ་ངོས་རང་དུས་རྟག་ཏུ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ཕ་རན་སི་དང་འཇར་མན་ཡུལ་གཉིས་ལ་མཚོན་ན་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཙམ་མ་ཟད། ཧ་ལམ་ལོ་ངོ་ཕལ་ཆེར་བརྒྱ་ཕྲག་རིང་ཕན་ཚུན་དམག་འཁྲུག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་བ་རེད། དེ་ནས་ཕ་རན་སིའི་དམག་སྤྱི་ཆེན་མོ་སྐུ་ཞབས་ཌི་གོལ་ Charles de Gaulle མཆོག་དང་། འཇར་མན་དབུ་ཁྲིད་ ཨ་ཌི་ནར་ Adenauer སོགས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་ཐོག་མར་གསར་འཛུགས་གནང་བར་བརྟེན་དེང་སྐབས་སྒྲིག་འཛུགས་དེའི་ནང་ཡོད་པའི་རྒྱལ་ཁབ་ཕན་ཚུན་གསོད་རེས་མ་བཏང་བར་གཅིག་སྒྲིལ་ངང་གནས་བཞིན་ཡོད།
དེ་ནི་དུས་རབས་ ༢༠ འགོ་སྟོད་དང་སྨད་དབར་མིའི་བསམ་བློ་གཏོང་སྟངས་ལ་ཁྱད་ཆེན་པོ་ཞིག་བྱུང་བ་གསལ་པོར་མཚོན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆར་དང་འདོད་ཧ་ཅང་བྱས་པ་མ་ཟད། རྡུལ་ཕྲན་མཚོན་ཆ་བཟོས་ཐུབ་པ་ཡིན་ན་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློའི་འོག་ནས་དགའ་སྤོབས་ཤུགས་ཆེ་བྱས་པ་བྱུང་ཡོད་ཀྱང་། དེ་རྗེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཙོ་ཆེར་ཉི་ཧོང་གིས་སྣེ་ཁྲིད་དེ་རྡུལ་ཕྲན་མཚོན་ཆར་མཐའ་གཅིག་ཏུ་དགག་པ་དག་ངོ་རྒོལ་བྱེད་བཞིན་པའི་གནས་སྟངས་ཆགས་ཡོད། ངོས་རང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ཀར་ཕྱིན་པ་ཡིན། གྲོང་ཁྱེར་དེ་གཉིས་ནང་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཤུགས་ཆེ་ཕོགས་པ་རེད། དེ་རྗེས་དུས་ཕྱིས་སུ་ཨི་རག་ནང་ཨི་རི་སོགས་ཀྱིས་དམག་རྒོལ་བྱེད་མཚམས་དེར་ཨོ་གླིང་སོགས་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་མི་མིང་ས་ཡ་མང་པོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན་འཛམ་གླིང་མི་མང་ཚོས་ད་ཆ་འཚེ་མེད་ཞི་བདེའི་འཛམ་གླིང་ཞིག་དགོས་མཁོ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་པ་ཙམ་དུ་མ་ཟད། མིའི་བསམ་བློ་གཏོང་སྟངས་ལ་ཡར་རྒྱས་འགྲོ་བཞིན་ཡོད་པ་མཚོན། དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་དང་རེ་བ་བཟང་ས་ནས་རྒྱག་ཆོག་པའི་རྣམ་འགྱུར་ཞིག་རེད། ངོས་ཀྱི་མི་ཚེའི་རིང་འགྱུར་བ་དེ་དག་ཕྱིན་པ་རེད། ད་ཆ་དུས་རབས་ ༢༡ ནང་བསླེབས་ཡོད།
འཛམ་གླིང་ཞི་བདེ་སྐྲུན་རྒྱུའི་ལས་འགུལ་ནང་དེ་སྔ་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་གིས་ཐུགས་ཁུར་ཧ་ཅང་བཞེས་ནས་ཕྱག་ལས་ཤུགས་ཆེ་གནང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གཱན་དི་མཆོག་གིས་འཚེ་མེད་ཞི་བའི་ལས་འགུལ་སོགས་བྱས་རྗེས་ཧ་ཅང་བཞག་གནང་བར་བསྔགས་བརྗོད་རྒྱ་ཆེ་མཛད། དེ་རྗེས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་གོང་མའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨི་ན་ཡ་ཏ་ཨ་ལི་ Inayat Ali མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་ཆེའི་བུད་མེད་ཀྱི་ཐོབ་ཐང་། The Rights of Women in Islam ཞེས་པའི་དེབ་གཅིག་ཕྱག་རྟགས་སུ་འབུལ་ལམ་ཞུས། རྩོམ་པ་པོ་ Shahid Murtadha Mutahhari ཞེས་པ་ཡིན་འདུག
དེ་ནས་འཛམ་གླིང་ནང་Czech ཡུལ་གྱི་སྲོལ་རྒྱུན་གཞས་མ་གྲགས་ཅན་ཨི་ཝ་བྷི་ཊོ་བ་ Iva Bittova ལགས་ཀྱིས་ཡུལ་དེའི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་མཛད། དེ་རྗེས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལྗགས་ལུང་བཀའ་དྲིན་སྩལ་བསྟུན་སློབ་མ་རྣམས་སྐུ་བཞེངས་ཐོག་བདེན་ཚིག་སྨོན་ལམ་གསུང་འདོན་གནང་ནས་དེ་ཉིན་མཛད་སྒོ་རྒྱལ་ཁའི་ངང་གྲོལ། སྤྱིར་སློབ་གྲྭ་དེའི་ནང་ལོ་ལྟར་ Czech ཡུལ་ནས་དང་བླངས་པ་མི་གྲངས་ ༡༥ ནས་ ༢༠ བར་ཆེད་མངགས་ས་གནས་སུ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག
དེ་ཡང་སློབ་གྲྭ་དེ་ནི་ ༡༩༩༢ ལོར་ཐོག་མར་གསར་འཛུགས་གནང་དང་། ད་ལྟའི་ཆར་སློབ་ཕྲུག་ ༢༢༢ ཙམ་ཡོད་པ་དང་།
༢༠༡༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེ་༸ཞབས་སོར་བཀའ་དྲིན་བསྐྱངས་སྐབས་རྒྱ་གར་དང་ཨ་རིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་ཧིན་སྒོར་འབུམ་ ༩༠ གསོལ་སྩལ་མཛད་པར་བརྟེན་༢༠༡༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛིན་ཁང་གསར་པ་ལེགས་གྲུབ་ཟིན་པ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱང་གཏན་འཁེལ་ཡང་སྐབས་མཚམས་སུ་ཆིབས་སྒྱུར་ཕྱིར་བཤོལ་མཛད་པར་བརྟེན་ ༢༠༡༥ ལོར་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་དབུ་འབྱེད་གནང་འདུག
ཝ་ཀ་མུལ་སྦེག་ཡུལ་ལུང་དེར་གྲོང་ ༡༣ ཙམ་ཡོད་ཅིང་ལ་དྭགས་ནང་པ་དང་ཕྱི་རོལ་པ་གཉིས་ཀའི་མི་གྲངས་མང་ཉུང་གྲངས་མཉམ་ཤིང་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་འདུག སྤྱིར་ས་གནས་དེར་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་གོང་མ་ཞིག་སྐུ་འཁྲུངས་པ་མ་ཟད། འབྲས་སྤུངས་སྒོ་མང་མཁན་པོ་ལྷ་རམས་པ་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་ཡང་ཡིན་འདུག
དེ་ཡང་མཛད་སྒོའི་ཐོག་ཇམ་མུ་ཀ་ཤི་མིར་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཨི་ན་ཡཏ་ཨ་ལི་ Inayat Ali མཆོག་དང་བླ་མ་ཆོས་འཕེལ་བཟོད་པ་སོགས་ཕེབས་འདུག ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་གཙོ་བོ་སྐུ་ཞབས་ཨི་ན་ཡཏ་ཨ་ལི་ Inayat Ali མཆོག་ཡིན་ཞིང་།
བཀའ་སློབ་ཀྱི་མཛད་སྒོ་གྲུབ་བསྟུན་༸གོང་ས་མཆོག་གིས་སློབ་གྲྭའི་ནང་གི་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་དུ་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་རྗེས་འཛིན་ཁང་ཡོད་སར་༸ཞབས་སོར་བཀའ་དྲིན་བསྐྱངས་ནས་དགེ་ལས་སློབ་ཕྲུག་དང་ལྷན་སྐུ་པར་ལྷན་སྒྲོན་གྲུབ་མཚམས་སླར་ཡང་ཀར་གིལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་བཅས།