ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་གླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་༼པ་ལྡུམ།༽ཐད་འཕུར་འབབ་ཚུགས་སུ་༸ཞབས་སོར་བདེ་བར་འཁོད་སྐབས་གནམ་ཐང་དུ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ LAHDC ཀྱི་འཐུས་མི་སྐུ་ཞབས་བསྟན་འཛིན་བསོད་ནམས་ལགས་དང་། ལ་དྭགས་ནང་པ་ཚོགས་པའི་ LBA ས་གནས་ཚོགས་གཙོ་ཚེ་དབང་ཆོས་དར་ལགས། ལ་དྭགས་དགོན་པ་ཚོགས་པའི་སྐུ་ཚབས་འཐུས་མི། ལ་དྭགས་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་མི། ཟངས་དཀར་ཁ་ཆེ་ཚོགས་པའི་ཚོགས་གཙོ། དེ་བཞིན་ཇ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་འཐུས་མི་ཨི་ནཱ་ཡཏ་ཨ་ལི་ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་གནས་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་མཚམས་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུ་སྐབས། ༸གོང་ས་མཆོག་གིས་ཟངས་དཀར་ཁུལ་དུ་མི་འབོར་མང་ཉུང་ཇི་ཙམ་ཡོད་མེད་དྲི་རྩད་མཛད་སྐབས་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་སྤྱིར་ཕྲུ་གུ་སོགས་བསྡོམས་པ་ཡིན་ན་ཁྲི་གཉིས་ཙམ་ཡོད་སྐོར་སྙན་སེང་ཞུས།
ཕྱོགས་མཚུངས་དེང་སྐབས་ཟངས་དཀར་ཡུལ་དུ་མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད་དམ་ཡང་ན་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་མེད་དྲི་རྩད་མཛད་པར འབྲེལ་ཡོད་ནས་མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད་སྐོར་སྙན་སེང་ཞུས། དེ་ནས་༸གོང་ས་མཆོག་གིས་ཟངས་དཀར་ཁུལ་དུ་དགོན་པ་དང་གནས་ས་ཇི་འདྲ་ཡོད་མེད་དྲི་རྩད་མཛད་པར་ཁུལ་དེར་དཀར་ཤ་དགོན་པ་དང་། སྟོང་སྡེ་དགོན་པ། སྟག་རི་མོ་བདེ་དགོན་པ། ན་རོ་པའི་སྒྲུབ་ཕུག གུ་རུ་ཉི་མ་འོད་ཟེར་སྒྲུབ་ཕུག་སོགས་ཡོད་སྐོར་སྙན་སེང་ཞུས།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་འདི་འདྲ་ཞིག་དྲན་བྱུང་། སང་ཉིན་སྔོན་ལ་ལམ་རིམ་བསྡུས་དོན་མར་གཅིག་འདོན་རྗེས་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱས་ན་དྲན་བྱུང་། བཀའ་ཆོས་ཉི་མ་གཉིས་ལ་ཚར་བ་བྱས། ཉི་མ་གསུམ་པ་དེར་རྒྱལ་ས་པ་ལྡུམ་ནང་འཁྱུག་ཙམ་ཕྱིན་ནས་སློབ་གྲྭ་དང་སྨན་རྩིས་ཁང་དེར་ཡང་འཁྱུག་ཙམ་འགྲོ་རྒྱུ་ཡིན། དེར་བརྟེན་བཀའ་ཆོས་ཉི་མ་གཉིས་བྱས། དེ་ནས་ལྟ་སྐོར་བྱས་ནས་འགྲོ་ན་བསམ་པ་རེད། ཅེས་བཀའ་སློབ་སྩོལ་སྐབས་ལ་དྭགས་དགོན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུས་པར་༸ཞལ་བཞེས་མཛད་དོན། བརྟན་བཞུགས་འགྲིག་གི་འདུག ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་མཇུག་དེར་བརྟན་བཞུགས་བྱས་པ་ཡིན་ན་འགྲིག་པ་འདུག ཅེས་བཀའ་བཞེས་བཟང་པོ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། སང་ཉིན་སྔོན་ལ་ལམ་རིམ་བསྡུས་དོན་བྱ་རྒྱུ་ཡིན། དེ་ནས་ནངས་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱས་རྗེས་བརྟན་བཞུགས་ཐོག་ནས་ཆོས་འབྲེལ་ཚར་བ་བྱ་རྒྱུ་ཡིན།
ནམ་རྒྱུན་བཀའ་ཆོས་བྱེད་སྐབས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད་པ་ལྟར་སང་ཉིན་ཤེས་རབ་སྙིང་པོ་འདོན་རྒྱུ་བྱས། ཁ་སང་ལྡུམ་རར་ཤེས་རབ་སྙིང་པོ་འདོན་སྐབས་འགྲོ་ལ་མི་འགྲོ་བྱས་བྱུང་། བྱིན་རླབས་ཆེན་པོ་བྱུང་། ཞེས་ཞལ་ཤོབ་མཛད། དེ་རྗེས་ཀར་གིལ་ Kargil ཁུལ་གྱི་མཛད་འཆར་སྐོར་དང་འབྲེལ་ས་གནས་དེར་ Mulbek རྒྱང་ཐག་ཇི་ཙམ་ཡོད་མེད་དྲི་རྩད་མཛད་པར་སྐར་མ་ ༤༠ ཙམ་འགོར་སྐོར་སྙན་སེང་ཞུས།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་ཟངས་དཀར་དུ་ཉིན་གསུམ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༧ ཉིན་སླར་ཡང་གླེ་རུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས། །