༢༠༡༨ ཟླ་ ༧ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་ལྡུམ་ར་བསམ་གཏན་གླིང་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་དབུ་འཛུགས་མཛད། དེ་ཡང་ཐོག་མར་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ཁྲིག་རྩེ་རིན་པོ་ཆེ་མཆོག སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག སོག་པོའི་སྐུ་ཚབ་སེར་སྨད་ཚ་བ་འོས་ཟེར་སྤྲུལ་སྐུ་མཆོག་སོགས་བླ་སྤྲུལ་དགེ་བཤེས་ཁག་གཅིག་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་མཆོག མངའ་སྡེའི་གྲོས་ཚོས་འཐུས་མི་སྐུ་ཞབས་ཚེ་རིང་རྡོ་རྗེ་ལག་རུག་མཆོག་དང་ངག་དབང་རིག་འཛིན་ཛོ་ར་མཆོག ལྡུམ་ར་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་བདེ་ལྡན་རྣམ་རྒྱལ་མཆོག ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས། ཁ་ཆེའི་ཆོས་ལུགས་ཀྱི་དབུ་སྐྱོང་སྐུ་ཞབས་Mohamad Akram ལགས།
ལ་དྭགས་དགོན་པ་ཚོགས་པ་དང་ཨ་མ་ཚོགས་པའི་ཚོགས་གཙོ། ལ་དྭགས་གཞོན་ནུ་ཚོགས་པའི་ཚོགས་གཙོ། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གསུང་རར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་ཐོག་མར་གསུང་བཟང་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་དབྱངས་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་པ་དང་སྦྲགས་བསམ་དགོན་དབྱར་ཆོས་ཀྱི་ཆོས་གྲྭའི་དབུ་འབྱེད་བཀའ་དྲིན་བསྐྱངས།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་བོད་མདོ་སྨད་སྐུ་འབུམ་ཡུལ་དུ་༸སྐུ་འཁྲུངས་པ་དང་། དེ་ནས་དགུང་ལོ་ ༡༦ སྐབས་ནས་བོད་མིའི་ཆོད་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་མཛད་པ། དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཙམ་མ་ཟད། ཆབ་སྲིད་ཐོག་ནས་ཀྱང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་གསར་གཏོད་མཛད་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམ་རིན་པོ་ཆེ་ཐོག་མར་གཏན་འབེབས་མཛད་པ་དང་། དེ་ནས་རིམ་བཞིན་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་ལ་བརྩི་སྤྲོད་མཛད་པ་སོགས་ཆོས་སྲིད་ཀྱི་མཛད་པ་སྨད་དུ་བྱུང་བ་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་བཏོར། དེ་ཡང་རིན་པོ་ཆེ་མཆོག་གིས་༸རྒྱལ་མཆོག་༸སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་མཛད་པའི་འཕགས་བསྟོད་ལས།
ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི འགྲོ་ལ་ཆགས་པའི་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད།
ཞེས་ལུང་འདྲེན་ཞུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསྔགས་བརྗོད་རྒྱ་ཆེ་ཞུས།
དེ་རྗེས་དགེ་བཤེས་བསམ་གཏན་གླིང་དགོན་པ་ནས་སྒོ་མང་གྲྭ་ཚང་ནས་དགེ་བཤེས་ཐོན་པ་ཡེ་ཤེས་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་། སྐབས་དེར་ཁོང་གིས་ཕྱི་ལོ་ ༡༩༩༨ ལོར་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རི་རྫོང་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་གི་ལམ་སྟོན་འོག་ལ་དྭགས་ལྡུམ་ར་བསམ་གཏན་གླིང་གི་ཐོས་བསམ་སློབ་གཉེར་གསར་འཛུགས་གནང་རྗེས་རིན་པོ་ཆེ་མཆོག་གིས་བཀའ་དགོངས་ལྟར་ལོ་ངོ་བཅུ་དྲུག་ཙམ་རིང་སློབ་གཉེར་བ་རྣམས་ལ་རིགས་ལམ་སློབ་འཁྲིད་གནང་སྐོར་སོགས་གསུངས། དེ་བཞིན་ཁོང་གིས་འབྲས་སྤུངས་སྒོ་མང་ནང་སློབ་གཉེར་མཐར་ཕྱིན་པའི་བསམ་གཏན་གླིང་པ་རྣམས་ཀྱིས་གཞུང་ཆེན་ཀ་པོད་ལྔའི་ཐོག་རིག་གཅིག་རྐང་འཛིན་གྱི་ལམ་སྲོལ་ཞིག་གསར་གཏོད་གནང་ཐུབ་ན་ཞེས་བསམ་ཚུལ་ལྷ་སྙན་སྒྲོན་འབུལ་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་དང་སྦྲགས་བཀའ་སློབ་སྩལ་དོན།
དགེ་བཤེས་ལགས་ཀྱིས་རེ་འདུན་བྱེད་ཡག་དེ་ང་ཚོ་ད་ལྟ་གཞུང་ཆེན་སློབ་གཉེར་ཚར་ནས་དགེ་བཤེས་ཆེ་ཆུང་ལ་མ་ལྟོས་པར་ཧ་ལམ་སྟོང་ཕྲག་ཟིན་པ་ཞིག་ཡོད། སྔ་མོ་ནས་ངོས་ཀྱིས་བསམ་འཆར་བཤད་རྒྱུ་བྱུང་། ཕལ་ཆེར་འབྲས་སྤུངས་ལ་ཡིན་པ་ཡོད། དགེ་བཤེས་འཐོན་པའི་ཁྲོད་དཔེ་འཁྲིད་དང་གཞན་ཡང་དགོན་པའི་ལས་བྱེད་ལྟ་བུ་ཏན་ཏན་ཡོང་རྒྱུ་རེད་མ་གཏོགས་དེ་མིན་དགེ་བཤེས་བཞག་ཚར་བ་གང་ཞིག་དེ་ཙམ་དམིགས་བསལ་བྲེལ་བ་མེད་མཁན། སྡུག་ས་ནས་བཤད་ན་དགེ་བཤེས་བཞག་ནས་ཨ་རི་དང་ཡུ་རོབ་ལ་ཐར་ན་བསམས་སྒུག་སྡོད་མཁན་དེ་འདྲ་འགའ་ཤས་ཡོང་བཞིན་ཡོད། དེ་ཚོས་གྲས་ཀྱིས་རིག་གཅིག་རྐང་འཛིན་བྱས་ན་བསམ་དྲན་བཞིན་འདུག ཕར་ཕྱིན་རིག་གཅིག་རྐང་འཛིན་དང་དབུ་མ་རིག་གཅིག་རྐང་འཛིན། དེ་ལ་སོགས་པ་ཚད་མ་རིག་གཅིག་རྐང་འཛིན། མཛོད་དང་འདུལ་བ་དེ་ཙམ་མེད། གང་ལྟར་དབུ་ཕར་དང་རྣམ་འགྲེལ་གསུམ་པོ་འདི་རྒྱ་འགྲེལ་མང་པོ་འདུག དེ་དག་ཚང་མར་བལྟས་ནས་རིག་གཅིག་རྐང་འཛིན་བྱེད་མཁན་དེས་རང་གཞུང་ཙམ་མིན་པར་ནམ་རྒྱུན་གྲྭ་སའི་ནང་སོ་སོའི་ཡིག་ཆ་གཙོ་བོར་འཛིན་ནས་ཕྱིན་པ་མ་གཏོགས་དེ་ཙམ་ཡོང་ཐུབ་ཀྱི་མེད། རིག་གཅིག་རྐང་འཛིན་བྱེད་སྐབས་བསྟན་འགྱུར་ནང་ཡོད་པའི་རྒྱ་འགྲེལ་དེ་དག་ཚང་མ་རྒྱུས་ཡོད་པ་བྱས། སྔ་མོ་ངོས་རང་སི་ཏུ་རིན་པོ་ཆེའི་གདན་སར་ཐེངས་ཤིག་བསླེབ་སྐབས་རྩོད་པ་རྩོད་ཤུགས་ཆེན་པོ་བྱས་ནས་སྒྲོ་འདོགས་མཐའ་ཆོད་རང་ཁག་པོ་ཡིན་ཡང་རྒྱ་འགྲེལ་གྱི་གཞུང་མང་པོའི་ལུང་འདྲེན་བྱེད་བཞིན་འདུག སྐབས་དེར་གཙོ་བོ་བསྟན་འགྱུར་ནས་ལུང་འདྲེན་མང་པོ་བྱེད་སྐབས་ངོས་རང་ཧ་ཅང་ཡིད་དབང་འཕྲོག་བྱུང་།
དེར་བརྟེན་ང་ཚོ་གདན་སའི་ནང་དུ་ནམ་རྒྱུན་འཆར་ཅན་བྱས་ནས་འཁྲིད་རྒྱུ་དེ་མ་གཏོགས་གསར་གཏོད་བྱས་ནས་བར་སྐབས་མཁན་ཆེན་ཞི་བ་འཚོའི་ཚད་ཆེན་བལྟ་ཐུབ་ན་ཡག་པོ་འདུག ཅེས་དེ་དང་དེས་མཚོན་ངོས་ཀྱིས་འབོད་སྐུལ་ཏོག་ཙམ་ཞུས་ཡོད། དེར་བརྟེན་ད་ལྟ་ཁྱེད་རང་གིས་ཟེར་ཡག་འདི་ཡང་དག་པ་རེད། རྒྱུ་མཚན་ལྡན་པ་རེད། ལོ་ཤས་གོང་ནས་ངོས་ཀྱིས་དེ་ལྟར་ཞུ་མྱོང་། དེར་བརྟེན་ཁྱེད་ཀྱིས་ལབ་ཡག་དེར་དེ་དེ་བཞིན་ནོ། ཟེར་རྒྱུ་ཡིན། རྐང་པ་སྐྱོག་སྐྱོག་གཅིག་འཁྱེར་ནས་ད་བར་ཧུར་ཐག་བྱས་པ་དེ་འགྲིག་འདུག འཐུས་འདུག ཚོགས་བསགས་འདུག ཚེ་རབས་ནས་ཚེ་རབས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་བསྒྲུབ་མཁན་ཞིག་ཡོང་ཐུབ་རྒྱུ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། དེ་རྗེས་ལས་རིམ་གཙོ་སྐྱོང་བས་ཐེངས་འདིར་བསམ་གླིང་དགོན་པས་དེ་སྔ་རྒྱ་གར་དཔལ་ནཱ་ལེནྜའི་མཁས་པ་པཎ་གྲུབ་བཅུ་བདུན་ཡོད་པའི་ཁར་བོད་གངས་ཅན་ལྗོངས་ཀྱི་པཎ་གྲུབ་ཆེན་པོ་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུ་ཐང་ཞིག་པཎ་གྲུབ་བཅུ་བདུན་དང་ལྷན་གྲལ་བསྟར་བསྒྲིགས་སྐོར་སྙན་སེང་ཞུས།