ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ལ་དྭགས་རྒྱལ་ས་སླེ་ནས་ལྡུམ་རར་ཆིབས་སྒྱུར་ཉིན་གཅིག་འཕར་འགྱངས་མཛད་དགོས་བྱུང་ཡོད་པ་ནི་གཙོ་བོ་མགོན་པོ་གང་ཉིད་མཆོག་ཉིན་གཅིག་གོང་གི་མཛད་འཕྲིན་ཕྲན་བུ་དུས་འགོར་བྱུང་བར་བརྟེན་༸སྐུ་ཐང་ཆད་པ་ལས་མགུལ་འཆམ་བཞེས་པར་བརྟེན་ནས་ལྡུམ་རའི་ཆིབས་སྒྱུར་ཉིན་གཅིག་རིང་འཕར་འགྱངས་མཛད་པ་ཞིག་གཏན་ནས་མིན་པ་༸སྐུའི་བླ་སྨན་པ་ཚེ་བརྟན་ལགས་ཀྱིས་ལ་དྭགས་ལྡུམ་ར་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་ངོ་སྤྲོད་གནང་དོན། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་འདུག འོན་ཀྱང་ཁ་ཉིན་མཛད་འཆར་ཏོག་ཙམ་རིང་པོ་ཞིག་ཆགས་སྟབས་༸སྐུ་མདུན་ཏོག་ཙམ་༸སྐུ་ངལ་གསོ་གནང་མཛད་པ་མ་གཏོགས་༸སྐུའི་འཕྲོད་བཞེས་ཐོག་སེམས་འཁྲལ་གནང་དགོས་པ་རྩ་བ་ནས་མི་འདུག དད་ལྡན་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་གནང་དགོས་པའི་གནས་སྟངས་རྩ་བ་ནས་མི་འདུག ལྷག་པར་སྔ་ལོར་ལ་དྭགས་སུ་༸སྐུ་བཞུགས་མཛད་སྐབས་ལས་ད་ཐེངས་༸སྐུའི་འཕྲོད་བཞེས་ཡག་པ་འདུག དེར་བརྟེན་ལ་དྭགས་སུ་མཛད་འཕྲིན་སྔ་ལོ་ལས་མང་བ་དང་བཞུགས་བཞག་ཀྱང་རིང་བ་ཡོད། ཅེས་གསུངས། མང་ཚོགས་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་འཆམ་བཞེས་པའི་སྐོར་གྱི་འཆལ་གཏམ་ཁྱབ་བཞིན་པ་དེར་གསལ་བཤད་གནང་རོགས་ཞུས་པར་༸སྐུའི་བླ་སྨན་པ་མཆོག་གིས། ལ་དྭགས་ས་སྐམ་པོ་ཡིན་པ་དང་ཐལ་རྡུལ་ཏོག་ཙམ་ཡོད་སྐབས་མཚམས་རེ་ཧབ་སྦྲིད་ཏོག་ཙམ་མཛད་པ་མ་གཏོགས་གཞན་གང་ཡང་མེད། ཅེས་གསུངས། །