ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྦེལ་ཇམ་བོད་རིགས་ཚོགས་པ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
དེ་ཡང་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཕ་རན་སིའི་གྲོས་ཚོགས་ནང་གཞུང་འབྲེལ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་མཉམ་ཞུགས་ཆེད་པེ་རིས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པར་བརྟེན། དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཞུས་ཏེ་མང་ཚོགས་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་ཤག་གི་གསུང་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས་རྗེས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་འདི་ཟླའི་ཚེས་ ༡༣ དང་ ༡༤ ཉིན་སྦེལ་ཇམ་དུ་དཔྱ་དེབ་བཟོ་ཕྱོགས་དང་འབྲེལ་བའི་ལས་དོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་མི་མང་གང་མང་ཕེབས་ནས་ལས་དོན་ཚགས་ཚུད་ཡོང་ཕྱིར་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བར་ཡུ་རོབ་ལ་ཐུགས་རྗེ་ཆེ་ཞུ་ཞེས་པའི་དཔེ་དེབ་ཀྱི་ནང་དོན་ཁག་མང་ཚོགས་ལ་ངོ་སྤྲོད་ཞུས།
དེ་ནས་བོད་རིགས་ཚོགས་པའི་ཚོགས་གཞོན་བསོད་ནམས་ཉི་མ་ལགས་ཀྱིས་འོས་འདེམས་བྱུང་བའི་སྐབས་ ༨ པའི་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་མི་གསར་པ་ཁག་མང་ཚོགས་ལ་ངོ་སྤྲོད་དང་། དོན་ཁང་གི་དྲུང་ཆེ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཁོང་རྣམ་པར་དཀར་གཙང་མཇལ་དར་གཡོག་སྟེ་འཚམས་འདྲི་ཞུས། མཛད་སྒོར་ཕེབས་པའི་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་གསར་དུ་འོས་འདེམས་བྱུང་བའི་རྒྱུན་ལས་ནང་ནས་ཕུར་བུ་དོན་གྲུབ་ལགས་ཚོགས་གཙོ་དང་བློ་བཟང་བསྟན་པ་ལགས་ཚོགས་གཞོན་དུ་འདེམས་ཐོན་གནང་སོང་།
དོན་ཁང་གི་དྲུང་ཆེས་སྐབས་ ༧ པའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་ཀྱི་གཙོས་པའི་རྒྱུན་ལས་ཡོངས་ལ་ལོ་ ༣ རིང་ལས་དོན་ཧུར་ཐག་གནང་བར་ཡི་རང་བསྔགས་བརྗོད་ཞུས་པ་དང་། བོད་རིགས་ཚོགས་པ་ནི་སྐུ་ཚབ་དོན་གཅོད་ཁང་དང་མི་མང་དབར་གྱི་འབྲེལ་བ་ཞུ་སའི་ཟམ་པ་ལྟ་བུ་ཡིན་པར་བརྟེན་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང་། རྒྱུན་ལས་གསར་པ་རྣམས་ལ་སྐུ་ཚབ་དོན་གཅོད་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས། མི་འགྱངས་བར་བོད་རིགས་ཚོགས་པའི་རྒྱུན་ལས་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྲུབ་རྗེས་རྒྱུན་ལས་གསར་པ་རྣམས་ནས་འགན་འཁུར་ཆ་ཚང་བཞེས་རྒྱུ་ཡིན་འདུག ཐེངས་འདིའི་མཛད་སྒོའི་ཐོག་དོན་གཅོད་ལས་བྱེད་རྣམ་པ་དང་མི་མང་ ༥༠༠ ལྷག་འདུ་འཛོམས་ཀྱིས་ཉིན་འཁྱོངས་སྤྲོད་སྐྱིད་དང་རིག་གཞུང་འཁྲབ་སྟོན་སོགས་གནང་སྟེ་དུས་དྲན་དགའ་སྤྲོའི་ངང་སྲུང་བརྩི་ཞུས་ཡོད།
སྦེལ་ཇམ་ཁུལ་དུ་ཆོས་རིག་འཛིན་སྐྱོང་དང་སྦེལ་ཇམ་བོད་རིགས་ཚོགས་པའི་འཛིན་སྐྱོང་བྱེད་བཞིན་པའི་གཟའ་མཇུག་སློབ་ཁག་གཉིས་ཡོད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་སྦེལ་ཇམ་བོད་རིགས་ཚོགས་པས་འཛིན་སྐྱོང་བྱེད་བཞིན་པའི་ཤེས་རབ་སྣང་བྱེད་གཟའ་མཇུག་སློབ་གྲྭ་དབུ་བརྙེས་ནས་ལོ་ ༥ འཁོར་བའི་མཛད་སྒོ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༠༡ ཉིན་སྲུང་བརྩི་ཞུས་ཡོད་པ་དང་། སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གིས་འཛིན་སྐྱོང་བྱེད་བཞིན་པའི་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭ་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་དྲན་དེ་བཞིན་ཟླ་ ༧ ཚེས་ ༤ ཉིན་སྲུང་བརྩི་ཞུས་ཡོད།
མཛད་སྒོའི་སྐུ་མགྲོན་རྣམས་ནས་སྦྱངས་འབྲས་ཕུལ་ཏུ་བྱུང་བའི་སློབ་མ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ་བཅས། །