ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གི་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་རབ་གནས་མཛད་གནང་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༡༥ ཙམ་གྱི་སར་ཆགས་པའི་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་༸ཞབས་སོར་འཁོད་སྐབས། ཁྲིག་རྩེ་རིན་པོ་དགོན་པའི་ཆོས་རྭའི་ནང་གདན་ཞུ་གནང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བྱིན་རླབས་མཛད་པའི་ཚིག་བརྗོད་འཁོད་པའི་པང་རྡོ་ཞལ་འབྱེད་དང་། རབ་གནས་བྱིན་རླབས་བཀའ་དྲིན་དང་སྦྲགས་སྣང་གསལ་མར་མེ་ཞལ་ཕྱེ་མཛད། དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྐྱ་སེར་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་རིན་པོ་ཆེས་འཁུར་བཞེས་ཏེ་དཔེ་མཛོད་ཁང་དང་། ཤེས་ཡོན་གྱི་བསྟི་གནས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞིའི་ས་འདུལ་རབ་གནས་དང་འབྲེལ་བའི་ཚོགས་འདུ་ཚོགས་པ་རེད། ཧ་ཅང་དགའ་པོ་བྱུང་། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
འདིར་ལ་དྭགས་ལ་ངོས་རང་ཐེངས་མང་པོ་སླེབས་པ་རེད། ལོ་ཡུན་དེའི་རིང་ལུང་པ་འཛུགས་སྐྲུན་ཡར་རྒྱས། སློབ་གྲྭ་ཁག་མང་པོ་ཧ་ཅང་ཡར་རྒྱས་འགྲོ་བཞིན་ཡོད། མགྲོན་ཁང་རིགས་མང་པོ་ཆགས་ཡོད་པ་མ་ཟད་ད་དུང་ཡང་རྒྱག་བཞིན་འདུག དེ་བཞིན་ཚོང་ཁང་མང་པོ་ཡོད་པ་དེ་དག་དངོས་པོ་ཡར་རྒྱས་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་དགོན་པ་ཁག་ཚོ་ང་ཚོ་བཙན་བྱོལ་དུ་འབྱོར་བའི་གདན་ས་ཁག་ཏུ་སློབ་གཉེར་བྱེད་མཁན་དེ་འདྲ་ཇེ་མང་བྱུང་ནས་དེ་འདྲའི་ཐོག་ནས་དགོན་ཁག་ཚོ་ལའང་བསླབ་པ་སློབ་གཉེར་གང་ཙམ་ཡག་ཏུ་ཕྱིན་ནས་ལོ་ཡུན་དེའི་རིང་ཕྱི་དངོས་པོ་ཡར་རྒྱས་དང་ཆོས་ཀྱི་སློབ་སྦྱོང་དེ་འདྲ་ཡར་རྒྱས་ཡག་པོ་ཕྱིན་ཏེ་ཧ་ཅང་ཡག་པོ་བྱུང་འདུག
ཕྱི་དངོས་པོ་ཡར་རྒྱས་ནི་རང་ཤུགས་ཀྱི་འགྲོ་གི་རེད། ཕྱི་དངོས་པོ་ཡར་རྒྱས་ཁོ་ནའི་དགོས་མཁོ་འདང་གི་འདུག་གམ་མི་འདུག་འདི་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག ངོས་ཀྱིས་དུས་རྟག་ཏུ་བརྗོད་བཞིན་པ་དེ་རེད། ཡུ་རོབ་དང་ཨ་རི་སོགས་ལུང་པ་དེ་དག་གི་ནང་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། ཨེ་ཤི་ཡ་དང་དེའི་ནང་ནས་ནང་པའི་ལུང་པ་དཔེར་ན། ཉི་ཧོང་ཆ་བཞག་ན། འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་དངོས་པོ་ཡར་རྒྱས་ཕྱིན་པ་དེའི་མིའི་སྤྱི་ཚོགས་སེམས་ནང་ཞི་བདེ་ཡོད་པ་ཞིག་དང་། དངོས་གནས་བྱམས་བརྩེ་ལྡན་པ་ཞིག་ཆགས་ཀྱི་འདུག་གམ་མི་འདུག་ཅེས་བརྗོད་ན། འདི་མེད་པའི་བཟོ་འདྲ་ཞིག་འདུག
ཞི་བདེ་ཟེར་རྒྱུ་འདི་གཙོ་བོ་རང་གཅིག་པུ་བསམ་བློ་གཏོང་བ་ཡིན་ན། རིམ་པས་སྣང་སྲིད་དགྲ་རུ་འཆར་རྒྱུ་དང་། གཞན་གཅེས་འཛིན་བྱས་ནས་གཞན་ལ་བརྩེ་བ་ཡོད་ན། རིམ་པས་སྣང་སྲིད་གཉེན་དུ་འཆར་ཐུབ་རྒྱུ་དེ་འདྲ་ཞིག་འདུག དེར་བརྟེན་འཛམ་གླིང་ཆོས་ལུགས་ཚང་མས་བྱམས་བརྩེ་གལ་ཆེན་པོ་རྩི་བཞིན་ཡོད། ལོ་སྟོང་ཕྲག་གཉིས་གསུམ་རིང་བྱམས་བརྩེ་ཟེར་རྒྱུ་འདི་ཆོས་ལུགས་ཚང་མའི་ཐོག་ནས་བྱམས་བརྩེ་གལ་ཆེན་པོ་རེད་ཅེས་གསུང་གི་འདུག
བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་དོན་དུ་ལྟ་གྲུབ་འདྲ་མིན་ཡོང་གི་ཡོད། དཔེར་ན་འཇིག་རྟེན་བཀོད་པ་པོ་འདོད་པའི་ཆོས་ལུགས་དེ་དག་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་དོན་དུ་ལྟ་གྲུབ་དེ་སླེབས་པ་རེད། གཙོ་བོར་གཅེར་བུ་བ་དང་ནང་པ་གཉིས་ཀྱིས་བདག་ཉིད་བདག་གི་མགོན་ཞེས་སོ་སོའི་བདེ་སྐྱིད་འདི་སོ་སོའི་ལག་ཏུ་ཡོད། དེར་བརྟེན་སོ་སོ་བྱམས་བརྩེ་ལྡན་པ་བྱེད་དགོས་ཞེས་ཤོད་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་ནའང་དོན་དངོས་སུ་བྱམས་བརྩེ་ཡར་རྒྱས་སྤེལ་རྒྱུ་ཚང་མ་གཅིག་གྱུར་རེད་འདུག
ཁ་སྔོན་ལྡི་ལིར་ནང་པའི་ཡུལ་གྲུ་འབར་མ་དང་། ཐའི་ལེནྜི། ཤྲཱི་ལངྐའི་དགེ་སློང་དང་ལྷན་ཚོགས་འདུ་ཚོགས་པ་རེད། ངོས་རང་དེར་ཁྱུག་ཙམ་སླེབས་སོང་། ངོས་ཀྱིས་སྐད་ཆ་བཤད་དུས་མཁས་པོ་དང་སྙན་པོ་བཤད་ཀྱི་མེད། འདྲ་ཆགས་པོ་དེ་འདྲ་བཤད་རྒྱུར་མོས་པ་མེད། ངོས་ཀྱིས་ཁ་རི་ཁ་ཐུག་བཤད་ཀྱི་ཡིན། ཞེས་བརྗོད་རྒྱུ་བྱུང་། ངོས་ཀྱིས་དྲི་བ་དང་པོ་དེ། ང་ཚོ་དུས་རབས་ ༢༡ ནང་སླེབ་ཡོད། དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཕྱིན་ཡོད། དེ་འདྲའི་དུས་ཚོད་ལ་ལོ་ཉིས་སྟོང་ལྷག་ཕྱིན་པའི་ཆོས་བརྒྱུད་དེ་ཚོའི་གྲས་དགོས་པ་འདུག་གམ་མི་འདུག ཕན་ཐོགས་འདུག་གམ་མི་འདུག་འདི་བསམ་བློ་གཏོང་དགོས་རེད། ཅེས་བརྗོད་པ་ཡིན།
དེར་བརྟེན་དྲི་བ་འདིར་བསམ་བློ་ཡག་པོ་གཏོང་བ་ཡིན་ན། དངོས་པོ་ཡར་རྒྱས་གཅིག་པུའི་ཐོག་ནས་མིའི་སེམས་ཀྱི་ཞི་བདེ་བཟོ་ཐུབ་རྒྱུ་མེད་པ་དཔེར་ན། དངོས་པོ་ཡར་རྒྱས་ཕྱིན་པའི་ལུང་པ་ནང་མྱོས་རྫས་བཟའ་མཁན་ག་ཚོད་འདུག དེ་བཞིན་ཉི་ཧོང་ཆ་བཞག་ན་ནང་པའི་ལུང་པ་རེད། འོན་ཀྱང་ནང་ཆོས་ཀྱི་སློབ་སྦྱོང་དེ་ཙམ་མི་འདུག ནང་ཆོས་ཟེར་དུས་སྨོན་ལམ་རྒྱག་རྒྱུ་དང་ཤེས་རབ་སྙིང་པོ་འདོན་རྒྱུ་ཙམ་མ་གཏོགས་སློབ་སྦྱོང་གང་ཡང་བྱེད་ཀྱི་མི་འདུག དེར་བརྟེན་ཉི་ཧོང་ཆ་བཞག་ནའང་ནང་པའི་ཡུལ་གྲུ་རེད་དེ་སློབ་སྦྱོང་གང་ཡང་མེད་སྟབས། རང་ཤི་རྒྱག་མཁན་ཧ་ཅང་མང་པོ་འདུག ཉི་ཧོང་གི་བླ་མ་ཞིག་ཧ་ཅང་ཡག་པོ་ཡོད། ངེད་ཉིད་ངོ་ཤེས་ནས་ལོ་མང་པོ་ཕྱིན་ཏེ་ཧ་ཅང་ནང་ཚགས་ཡིན། ཁོང་གིས་ཉི་ཧིང་གི་ནང་པ་ཚང་མས་ཤེས་རབ་སྙིང་པོ་འདིན་གྱི་ཡོད་པ་རེད། འོན་ཀྱང་དོན་དག་ཤེས་ཀྱི་མ་རེད། ཅེས་ཁོང་གིས་ངོས་ལ་དེ་ལྟར་བརྗོད་བྱུང་།
གང་ལྟར་དུས་རབས་འདིར་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་ནང་སེམས་ཀྱི་ཞི་བདེ་ཡོང་རྒྱུ་འདི་མ་འདང་བའི་གནས་ཚུལ་ཧ་ཅང་གསལ་པོ་རེད་འདུག དེ་ནས་ཕྱོགས་གཞན་ཞིག་ནས་སེམས་ལ་ཞི་བདེ་མེད་པ་གཅིག་པུའི་སྐད་ཆ་མ་རེད། སེམས་ལ་ཞི་བདེ་མེད་པའི་རྐྱེན་གྱིས་འཛམ་གླིང་འདིའི་སྟེང་མིས་མིར་ཐུབ་ཚོད་བྱས་པ། དཔེར་ན་གྲལ་རིམ་གྱི་ཐོག་ནས་མིས་མིར་ཐུབ་ཚོད་དང་། དེ་བཞིན་དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་བཤུ་གཞོག་གཏོང་བ། ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་ང་ཚོ་དང་ཁོ་ཚོ་ཟེར་རྒྱུ་ཐོག་ནས་འཐབ་རྩོད་ཤུགས་ཆེན་པོ། ཕྱོགས་མཚུངས་རྒྱལ་ཁབ་ཕན་ཚུན་གྱི་འཐབ་རྩོད་དེ་འདྲའི་ཐོག་ནས་གང་ལྟར་སེམས་མ་དུལ་བའི་རྐྱེན་བྱས་ནས་འཛམ་གླིང་འདིའི་སྟེང་སྡུག་བསྔལ་ཧ་ཅང་མང་པོ་ཡོང་བཞིན་འདུག དེའི་ནང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྙོག་གྲ་དེ་འདྲ་ཡོང་བཞིན་འདུག་པ་འདི་དངོས་ཡོད་གནས་ཚུལ་རེད།
དེར་བརྟེན་རང་བཞིན་འབྱུང་བའི་གནོད་པ་དེ་འདྲ་ཤུགས་ཆེ་རུ་ཡོང་བཞིན་ཡོད། གོ་ལའི་ཚ་དྲོད་འཕེལ་བའི་ཐོག་ནས་འབྱུང་བའི་གནོད་པ་ཤུགས་ཆེ་རུ་འགྲོ་གི་རེད་ལ་དེ་འདྲའི་དཀའ་ངལ་ཡོད་པའི་ཐོག་ལ་མིའི་ཆགས་སྡང་དབང་གིས་རང་ཕྱོགས་དང་གཞན་ཕྱོགས་ཞེས་དེ་འདྲའི་ཐོག་ནས་མིར་རྙོག་གྲ་ཧ་ཅང་བཟོ་གི་འདུག ཆོས་ལུགས་མི་འདྲ་བ་འདི་རང་ཕྱོགས་གཞན་ཕྱོགས་བཟོ་རྒྱུའི་རྐྱེན་དེ་འདྲ་ཡོང་བཞིན་འདུག དེང་སྐབས་དངོས་ཡོད་གནས་ཚུལ་ལ་བྱམས་བརྩེ་སྤེལ་རྒྱུ་ཟེར་རྒྱུ་འདི་སྨོན་ལམ་བརྒྱབ་ནས་བྱམས་བརྩེ་སྤེལ་རྒྱུ་མིན་པར་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་དགོས་གལ་ཆེན་པོ་རེད་འདུག དེར་བརྟེན་ Secular ethics ཟེར་རྒྱུ་འདི་རྒྱ་གར་ནང་སྔར་ལོ་རྒྱུས་ཐོག་ནས་ཡོད་པ་མ་ཟད། འདིར་ཤུགས་རྒྱག་དགོས་རྒྱུ་ད་ལྟ་རིན་པོ་ཆེས་རྟེན་གཞི་བཙུགས་པ་འདི་གཙོ་བོ་ Secular ethics ཆོས་ཡོད་ན་རེད། མེད་ནའང་རེད། ཆོས་འདྲ་མིན་གང་ཡིན་ནའང་གནས་ཚུལ་ཁག་ཁག་རེད།
གང་ལྟར་མིའི་མི་ཚེ་སྐྱིད་པོ་ཡོ
དེ་བཞིན་མིའི་ལྷན་སྐྱེས་རང་བཞི
འདི་ཁྱིམ་པ་ཕོ་མོ་དབྱེ་བ་མེད་པར་སེམས་ཁམས་རིག་པ་དང་དེ་ཚོའི་གྲས་སློབ་ཐུབ་པ་ཏན་ཏན་ཡོང་གི་རེད། འདི་ཧ་ཅང་ཡག་པོ་བྱུང་འདུག དེ་ནས་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་གལ་ཆེན་པོ་རེད་འདུག ཁ་སྔོན་ངོས་རང་ཟངས་དཀར་ཡོད་དུས་པ་ལྡུམ་ཁ་ཚེའི་ཚོགས་ཁག་དང་ནང་པ་དབར་བར་སྐབས་ལོ་ཤས་ནང་སྐྱོན་ཆ་ཕྲན་བུ་ཞིག་འདུག ཕྱིས་སུ་ཁོང་ཚོས་གྲོས་ཆོད་བཞག་ནས་མཐུན་པོ་བྱེད་རྒྱུ་ཡག་པོ་བྱུང་སོང་། དེ་རིང་སྔ་དྲོར་ལ་དྭགས་ནང་པའི་ཆོས་ཚོགས་སོགས་དབུ་ཁྲིད་མང་པོ་ཞིག་ཕེབས་ཏེ་ངོས་ལ་ཡིག་ཆ་ཞིག་སྤྲད་བྱུང་། མཐུན་སྒྲིལ་བྱེད་རྒྱུ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མི་བྱེད་རྒྱུ། ཚང་མ་མཐུན་པོ་བྱེད་རྒྱུ། སྤྱིར་ཁ་ཆེ་དང་ནང་པ། ཡི་ཤུ། ནང་པའི་ནང་དུ་ཡིན་ནའང་ཞྭ་དམར་སེར་ཟེར་རྒྱུའི་རིགས་དེ་འདྲ་བྱབ་ཆུང་དང་། བློ་རྒྱུ་ཆུང་ངུ། བློ་གཏི་ཐུག་གི་ཐོག་ནས་ཆོས་ལུགས་འཐེན་ཁྱེར་དེ་འདྲ་མི་བྱེད་རྒྱུའི་ཡིག་ཆ་བཞག་སྟེ་ངོས་ལ་སྤྲད་བྱུང་། གོང་དུ་ཆོས་ཚོགས་ཀྱི་གཙོ་འཛིན་གྱིས་བརྗོད་པ་དེ་རེད། ཧ་ཅང་དགའ་པོ་བྱུང་།
ད་རེས་ངོས་རང་འདིར་ཡོང་སྟེ་ཟངས་དཀར་ལ་ཡིན་ནའང་ཁ་ཆེ་དང་ནང་པ་དབར་མཐུན་པོ་ཡོང་རྒྱུར་ངོས་ཀྱིས་སྐུལ་མ་ལྟ་བུ་བྱས་ནས་ཕན་ཐོགས་ཕྲན་བུ་བྱས་ཐུབ་སོང་། འདིར་ཁྱེད་རང་ཚོས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ནང་པའི་ཆོས་བརྒྱུད་འཛིན་མཁན་ཁྱེད་རང་ཚོ་ཚང་མས་ sectarian མི་བྱེད་རྒྱུ་ཚང་མ་མཐུན་པོ་བྱེད་རྒྱུའི་ཡིག་ཆ་སྤྲད་བྱུང་། ཧ་ཅང་དགའ་པོ་བྱུང་།
སྤྱིར་ཆབ་སྲིད་ཐོག་ནས་འཐེན་ཁྱེར་བྱེད་རྒྱུ་བཟོ་འདྲ་བོ་དང་། དེ་བཞིན་རིགས་རུས་ཀྱི་ཆ་ནས་སྔོན་གྱི་གོམས་གཤིས་བྱས་ནས་རྔ་རྡུང་མཁན་གྲས་ལ་རིགས་དམན་པར་བརྩིས་ནས་བཞག་པ་དེ་ཚོའི་གྲས་ཡུལ་སྲོལ་གོམས་པ་བྱས་ནས་དེ་དག་མེད་པར་བཟོ་དགོས་པ་རེད། འོན་ཀྱང་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་འཐེན་འཁྱེར་བྱེད་རྒྱུ་དང་། དེའི་ནང་ནས་སངས་རྒྱས་པའི་ཆོས་པ་ནང་ཚགས་ཤིག་གིས་ཞྭ་དམར་སེར་གྱི་ཐོག་ནས་འཐེན་ཁྱེར་བྱེད་རྒྱུ་ནི་ལྷ་བདུད་དུ་འབབ་པ་ཟེར་རྒྱུ་དེ་རེད། ཆོས་ཀྱི་སེམས་རྒྱུད་དུལ་དགོས་ཀྱི་ཡོད། ཆགས་སྡང་ཉུང་དུ་གཏོང་དགོས་ཀྱི་ཡོད། ཆོས་ཀྱི་ཆགས་སྡང་ཉུང་དུ་གཏོང་རྒྱུའི་ཚབ་ལ་ཆགས་སྡང་འཕེལ་རྒྱུའི་ང་ཚོ་དང་ཁོང་ཚོ་ཞེས་ཞྭ་དམར་སེར་གྱི་འཐེན་ཁྱེར་བྱེད་པ་ཡིན་ན། ལྷ་བདུད་དུ་འབབ་པ་ཟེར་རྒྱུ་དང་སྨན་དུག་ཏུ་ཕྱིན་པ་ཟེར་རྒྱུ་འདི་ཆགས་ཀྱི་ཡོད། དཔེ་ཐབས་སྐྱོ་བོ་རེད།
དེ་རིང་འདིར་ཆོས་བརྒྱུད་ཕན་ཚུན་འཐེན་ཁྱེར་མི་བྱེད་རྒྱུ་ཁྱེད་རང་ཚོས་བཤད་པར་ཧ་ཅང་དགའ་པོ་བྱུང་། འདི་བཅོམ་ལྡན་འདས་ཀྱི་ཞབས་འདེགས་སྒྲུབ་ཀྱི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་དང་དེ་ནས་རིམ་པས་དཔལ་ནཱ་ལེནྡྲར་ཆ་བཞག་ནའང་ལྟ་གྲུབ་མི་འདྲ་བ་ཧ་ཅང་ཡོད། ལྟ་གྲུབ་མི་འདྲ་བ་དེ་དག་ཁམས་དང་མོས་པའི་ཁྱད་པར་ལས་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད། བོད་གངས་ཅན་ལྗོངས་ལ་སྔ་འགྱུར་དང་། རྙིང་མ་དང་གསར་མ། གསར་མ་ལའང་ནང་གསེས་མི་འདྲ་བ་ཕྲན་བུ་ཡོད་པ་དེ་ཚོའི་གྲས་གཙོ་བོ་རྒྱུད་སྡེ་མི་འདྲ་བའི་ཐོག་ནས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ངོས་ཀྱིས་དེ་ལྟར་མཐོང་གི་འདུག
གསང་སྔགས་དགོས་བཙན་རེད། དེ་འདྲའི་ཐོག་ནས་གང་ཟག་སོ་སོའི་ཁམས་དང་མོས་པར་བསྟུན་ནས་རྩ་རླུང་ཐིག་ལེའི་གནས་སྟངས་མི་འདྲ་བ་ཡོད་པ་དེ་འདྲ་དང་འབྲེལ་ནས་ཡོད་པ་ཕལ་ཆེར་རེད་འདུག བསྟན་པ་སྤྱི་བཙན་ཞེས་གཞུང་ཆེན་བཅུ་གསུམ་ཆ་བཞག་ན་བསྟན་པ་སྤྱི་བཙན་རེད། དེར་བརྟེན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཁྱེད་རང་ཚོ་ཚང་མས་གཞུང་ཆེན་བཅུ་གསུམ་དེ་ལྟ་དགོས། མཁྱེན་སོང་ངམ།
གཞུང་ཆེན་བཅུ་གསུམ་ཡག་པོ་བྱས་ནས་ལྟོས་དང་། གཅིག་གྱུར་ཆགས་ཀྱི་ཡོད་པ་རེད། དགེ་ལྡན་ཆ་བཞག་ན་དབུ་ཕར་གྱི་གཞུང་བལྟས་རྗེས་གཞུང་ཆེན་བཅུ་གསུམ་གྱི་གཞུང་གཙོ་བོ་དེ་དག་དེའི་ནང་བསྡུས་ཡོད། གང་ལྟར་ཁམས་ཁུལ་དུ་བཤད་གྲྭ་དེ་དག་གིས་གཞུང་ཆེན་བཅུ་གསུམ་ལྟ་གི་འདུག གཞུང་ཆེན་བཅུ་གསུམ་ལྟོས་དང་གཅིག་གྱུར་ཆགས་ཡོད། འདིའི་ནང་ཀླུ་སྒྲུབ་དང་བྱམས་པ་མགོན་པོ་ཁས་མི་ལེན་མཁན་སུ་ཡོད། ཚང་མ་གཅིག་གྱུར་རེད།
གང་ཟག་སྒོས་བཙན་བྱས་ནས་གསུང་པའི་གསང་སྔགས་སྐོར་ལ་ཏེ་ལོ་པ་དང་ནཱ་རོ་པ། མེ་ཏྲི་པ་དེ་དག་གང་ཟག་སྒོ་བཙན་རེད། སོ་སོའི་སྟེང་འགྲོ་གི་ཡོད་པ་རེད། བསྟན་པ་སྤྱི་ལ་ཁྱབ་ཐུབ་ཀྱི་མ་རེད། ད་ལྟ་ང་ཚོ་བསྟན་པ་ཉམས་གསོ་བྱེད་དུས་བསྟན་པ་སྤྱི་ལ་ཁྱབ་ཐུབ་པ་དགོས་རེད་མ་གཏོགས་རྒྱུད་སྡེ་གཅིག་གི་སྟེང་ལ་འཐམ་བསྡད་པ་ཡིན་ན་ཡོང་གི་མ་རེད།
སང་ཉིན་དང་གནངས་ཉིན་སྤྱོད་འཇུག་གི་འཕྲོ་དེ་དག་བཤད་རྒྱུ་རེད། དེ་དུས་སྐད་ཆ་ཡོང་གི་རེད། གང་ལྟར་གཞུང་ཆེན་མོ་དེ་དག་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག འགྲེལ་བ་དོན་གསལ་གྱི་དབུ་དེར་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་ཁྲིད་སྟངས་ལྟར་ཕྱིན་པ་ཡིན་ན། སངས་རྒྱས་པའི་ཆོས་འདི་འཛམ་གླིང་འདིའི་སྟེང་ལོ་བརྒྱ་ཕྲག་འགའ་ཤས་ཏན་ཏན་བསྡད་ཀྱི་རེད། དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་སྟངས་ལྟར་ཕྱིན་པ་ཡིན་ན། ཧ་ཅང་ཡུན་རིང་གནས་ཐུབ་ཀྱི་མ་རེད། མཁྱེན་སོང་ངམ།
དེར་བརྟེན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་བྱས་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་བྱེད་ཡོང་དུས་གཞུང་ཆེན་བཅུ་གསུམ་ཟེར་རྒྱུ་དེ་ཚོའི་གྲས་ཧ་ཅང་འབྲེལ་བ་ཡོད། ངོས་ཀྱིས་ཞུ་རྒྱུ་དེ་དག་ཡིན། རིན་པོ་ཆེའི་ཐུགས་ཁུར་སྐྱེ་ནས་སྔོན་མ་འདིར་དབྱར་ཆོས་ཚོགས་པ་རེད། མཛད་སྒོ་གྲུབ་སོང་། ཐུགས་རྗེ་ཆེ།།