ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་ཧྲིལ་པོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ ཉིན་ཤི་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་ལས་དྲུང་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ནས་མེ་གྷ་ལ་ཡའི་ Meghalaya མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་དོན་ཀུ་པར་རོ་ཡི་ Shri Donkupar Roy མཆོག་དང་མངའ་སྡེའི་གྲོང་ཁྱེར་འཛུགས་སྐྲུན་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་ཧམ་ལེ་ཊི་རྡོ་ལིང་ Shri Hamlet Dohling མཆོག་ལ་ཐུག་འཕྲད་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་ ༦༠ རིང་ལྷག་བསམ་ཟོལ་མེད་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་མཚོན་དོན་དུ་དྲན་རྟེན་གྱི་ཕྱག་རྟགས་ཤིག་དང་དྭངས་གཙང་གི་ཁ་བཏགས་དཀར་པོ་རེ་ཕུལ་བ་དང་འབྲེལ་འབྱུང་འགྱུར་ཡང་མུ་མཐུད་མངའ་སྡེ་གཞུང་ནས་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད།