ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལ་ོ ༢༠༡༨ ཟླ་ ༧ ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་ཀཱར་ན་ཀྲ་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་སྦེང་ལོར་ལྷོ་སྤྱི་དང་། ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན། མཉམ་འབྲེལ་ཚོགས་གཙོ་བཅས་མཉམ་འཛོམས་ཀྱི་ཀཱར་ན་ཀྲ་ཀ་མངའ་གཞུང་གི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀུ་མ་ར་སྭ་མི་ Shri. H. D. Kumaraswamy མཆོག་དང་། མངའ་གཞུང་གི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་སྐུ་ཞབས་ཇི་པར་མེཤྭ་ར་ Shri. G. Parameshwara མཆོག་རྣམ་གཉིས་དང་མཇལ་འཕྲད་ཞུས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་གཟབ་རྒྱས་ཞིག་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་དང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བཀྲིན་བསྐྱང་རྒྱུ་ཡིན་སྐོར་སྙན་གསེང་དང་སྦྲགས་སྐབས་དེར་སྐུ་མགྲོན་གཙོ་བོར་ངེས་ཕེབས་ཡོང་བའི་རེ་འདུན་འབུལ་བར་ལྟར། སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ནས་ཀྱང་ཞལ་བཞེས་བཀྲིན་བཟང་པོ་ཐོབ་ཡོད།
དེ་ནས་ཉེ་དུས་ཀཱར་ན་ཀྲ་ཀ་མངའ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་གསར་པ་སྐུ་ཞབས་ Shri. T. M. Vijay Bhaskar ལགས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་འཚམས་འདྲི་ཞུས་ཏེ། ལྷོ་ཕྱོགས་བོད་མི་གཞིས་ཆགས་ཁག་ལྔའི་སྐོར་ངོ་སྤྲོད་དང་སྦྲགས་མ་འོངས་བོད་མི་ཡོངས་ནས་ཀཱར་ན་ཀྲ་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་སྐབས་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་མགྲོན་ཤོག་ཕུལ།
དེ་རྗེས་ལྷོ་སྤྱི་དང་ལྷོ་གཞིས་ཁག་ལྔའི་མཉམ་འབྲེལ་ཚོགས་གཙོ་རྣམས་ནས་ཀཱར་ན་ཀྲ་ཀ་མངའ་གཞུང་མཉམ་འབྲེལ་བ་བློན་ཆེན་གསར་པ་ Shri. Bandeppa Khashempur མཆཽག་ལ་འཚམས་ཞུ་དང་ལྷོ་ཕྱོགས་གཞིས་ཁག་ལྔའི་མཉམ་འབྲེལ་ངོ་སྤྲོད་དང་མ་འོངས་གཞིས་ཆགས་ནང་འཚམས་གཟིགས་ཡོང་བའི་རེ་འདུན་ཞུས་ཡོད་པ་བཅས།།