༢༠༡༨ ཟླ་ ༧ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ལྡུམ་ར་ནས་རླངས་འཁོར་ནང་ཆུ་ཚོད་ ༢ ཙམ་གྱི་སར་ཆགས་པའི་བྷོག་དང་ Bogdang གྲོང་ཁྱེར་ནི་ཁ་ཆེ་སུ་ཕི་ Sufism ཆོས་ལུགས་རྗེས་འབྲང་པ་ཡིན་ཞིང་། གྲོང་དེར་མི་འབོར་ཁྱོན་ ༢༥༠༠ཙམ་ཡོད་པ་རྣམས་ཡོངས་རྫོགས་སུ་ཕི་ཆོས་ལུགས་རྗེས་འབྲང་པ་ཡིན་འདུག དེ་ཡང་ཡུལ་མིའི་ལེགས་བྱང་དང་ཡུལ་གོམས་གཤིས་ལུགས་སོགས་བྷལ་ཏི་ Balti མི་རིགས་ཡིན་སྟབས་སྐད་ཡིག་གི་ཆ་ནས་བོད་སྐད་དང་ཐག་ཉེ་བ་ལོ་རྒྱུས་ནང་གསལ་ཡང་ཆོས་ལུགས་གཙོ་བོ་ཁ་ཆེ་ཡིན་འདུག
ཁུལ་དེར་སུ་ཕི་ཡ་སྒེར་གྱི་སློབ་གྲྭ་ Sufia Public School ཞེས་པ་ཕྱི་ལོ་ ༢༠༡༣ ལོར་གསར་འཛུགས་གམང་འདུག་པ་དང་། སློབ་གྲྭ་དེར་བུ་གསོ་ཁང་ནས་འཛིན་རིམ་ལྔ་པའི་བར་ཡོད་འདུག
ད་ལྟའི་ཆར་སློབ་ཕྲུག་ཕོ་མོ་གྲངས་ ༡༢༠ ཙམ་ཡོད་པ་དང་། སློབ་ཚན་གཙོ་བོ་ཨིན་ཡིག་English དང་ཨུར་དུ། Urdu ཨ་ར་བྷིག་ Arabic ཧིན་དི་ Hindi བཅས་ཡིན་ཡང་། འདི་ལོའི་ཕྱི་ཟླ་ ༩ ནས་བོད་ཡིག་ Tibetan Language སློབ་ཚན་གསར་དུ་གཞག་རྒྱུ་དང་། ཧིན་དི་དང་བོད་ཡིག་སློབ་ཚན་གཉིས་སློབ་ཚན་ (ཁ) འདམ་ཁའི་སློབ་ཚན་ནང་གཞག་རྒྱུ་ཡིན་འདུག
དེ་ཡང་ད་ལྟ་སློབ་གྲྭ་དེར་བོད་པའི་བུད་མེད་དགེ་རྒན་གཉིས་ཡོད་པ་ནི་རྒན་རྡོ་རྗེ་དབང་མོ་ལགས་དང་། རྒན་ཚེ་རིང་སྒྲོལ་དཀར་ལགས་གཉིས་ཡིན་འདུག དེ་ཡང་འདི་གའི་གསར་འགོད་པས་རྒན་ཚེ་རིང་སྒྲོལ་དཀར་ ལགས་ལ་སློབ་གྲྭ་དེའི་ནང་བོད་ཡིག་སློབ་མཚན་སློབ་འཁྲིད་གནང་རྒྱུའི་སྐོར་འདྲི་སྐབས་རྒན་ལགས་ཀྱིས་གསུང་དོན།
སྤྱིར་སློབ་གྲྭ་དེར་དགེ་རྒན་དཀོན་པོ་འདུག ལྷག་པར་བོད་ཡིག་དགེ་རྒན་ད་བར་མེད། འདི་ལོའི་ཕྱི་ཟླ་ ༩ ནས་སློབ་དུས་གསར་པ་འགོ་འཛུགས་སྐབས་བོད་ཡིག་སློབ་ཚན་འདམ་ཁའི་སློབ་མཚན་ནང་གཞག་གཏན་འཁེལ་ཡོད་པ་མ་ཟད། བོད་ཡིག་སློབ་ཚན་མུ་མཐུད་འགྲོ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་འཛིན་སྐྱོང་ནས་གསུང་གི་འདུག ད་ལྟའི་ཆར་མཚོན་ན་ང་ཚོའི་སློབ་གྲྭ་དེར་ལ་དྭགས་ནང་པའི་བུད་མེད་གཅིག་ཡོད། ང་གཉིས་ཀྱིས་དབྱངས་གསལ་རྣམས་བསླབས་རྐྱེན་ད་ཆ་ཡག་པོ་ཤེས་ཀྱི་ཡོད།
ང་ཚོ་འདིར་དགེ་རྒན་བྱ་རྒྱུ་དེ་ལོ་སྔོན་མར་སློབ་གྲྭ་འདེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་དེང་དུས་ཤེས་ཡོན་སློབ་འཁྲིད་གནང་མཁན་དགེ་རྒན་གྱི་མཐུན་འགྱུར་གནང་རོགས་ཞེས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་ཏེ་ཕྱིས་སུ་ལ་སྤྱིས་བོད་མི་དགེ་རྒན་གྱི་ས་མིག་ཡོད་པའི་གསལ་བསྒྲགས་གནང་དོན་ལྟར་ང་གཉིས་སྐབས་དེར་མཐོ་སློབ་ཐོན་ཟིན་ཙམ་ཡིན་སྟབས་སྙན་ཞུ་རྣམས་ཕུལ་རྗེས་འདིར་བསླེབས་པ་རེད། ཅེས་གསུངས།
བོད་ཡིག་སློབ་མཚན་འཁྲིད་ཐབས་སྐོར་འདྲི་སྐབས་གསུང་དོན། སློབ་གྲྭའི་འགན་འཛིན་ནས་བོད་ཡིག་སློབ་དེབ་གཅིག་གྲ་སྒྲིག་ཡོད་སྐོར་གསུང་ཡང་ང་གཉིས་ཀྱི་འཆར་གཞི་ལ་ཐོག་མ་དབྱངས་གསལ་དང་སྔོན་རྗེས་རྣམས་སློབ་འཁྲིད་བྱ་འཆར་ཡོད། ཅེས་གསུངས། དེ་ཡང་རྒན་ཁོང་གཉིས་ནི་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་ཡིན་ཞིང་། འཛིན་རིམ་བཅུ་པ་བར་ལ་དྭགས་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་གནང་རྗེས་འཛིན་རིམ་བཅུ་གཅིག་བཅུ་གཉིས་གྷོ་པཱལ་པུར་བོད་ཁྱིམ་སློབ་གྲྭ་ནས་ཐོན། དེ་ནས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ནས་བོད་ཡིག་སློབ་མཚན་ཐོག་རབ་འབྱམས་པ་ཐོན། དེ་ནས་ཕྱི་ཟླ་ ༣ ཚེས་ ༡ བྷོག་དང་དུ་འདི་ལོའི་ནས་བོད་ཡིག་སློབ་འཁྲིད་ཀྱི་དགེ་རྒན་དུ་བསྐོ་གཞག་གནང་བ་ཞིག་ཡིན་འདུག
དེ་ཡང་འདི་གའི་གསར་འགོད་པས་སློབ་གྲྭའི་དྲུང་ཡིག་སྐུ་ཞབས་ཨཛི་གར་ཨ་ལི་ Ajgar ALi ལགས་ལ་སློབ་གྲྭའི་ནང་བོད་ཡིག་སློབ་འཁྲིད་བྱ་འཆར་ཡོད་པའི་སྐོར་འདྲི་སྐབས་ཁོང་གིས་སྤྱིར་སློབ་གྲྭ་དེར་ཡོད་པའི་སློབ་ཕྲུག་རྣམས་ཁྱིམ་ཚང་ཉམས་ཆུང་ནས་ཡིན་ཞིང་། སློབ་གྲྭར་དགེ་རྒན་མ་འདང་པའི་དཀའ་ངལ་ཡོད་པ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུ་སྐབས་མགོན་པོ་གང་ཉིད་མཆོག་ནས་ཐུགས་ཁུར་ཆེ་བཞེས་མཛད་ནས་དེང་དུས་ཤེས་ཡོན་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱི་སློབ་ཡོན་མཐུན་འགྱུར་མཛད་རྒྱུའི་༸ཞལ་བཞེས་མཛད་སྐོར་གསུངས།
སྤྱིར་བོད་དང་བྷལ་ཏི་གཉིས་སྐད་ཡིག་འགྲོ་སྟངས་སྐོར་འདྲི་སྐབས་ཁོང་གིས་བོད་ཀྱི་སྐད་ཡིག་དང་བྷལ་ཏི་སྐད་ཡིག་གཉིས་མཚུངས་ཆོས་མང་པོ་ཡོད་པ་དཔེ་མཚོན་འབྲངས་སྐབས། བོད་སྐད་ཀྱི་(འབྲས་)ལ་བྷལ་ཏིའི་སྐད་ནང་(འ་བ་ར་ས་)ཞེས་འབོད་ཅིང་། བོད་སྐད་ཀྱི་(གྲི་)ལ་བྷལ་ཏིའི་སྐད་ནང་(གི་རི་)ཞེས་འབོད་པ་དང་། བོད་སྐད་ཀྱི་(བྲག་)ལ་བྷལ་ཏིའི་སྐད་ནང་(བ་རག) དེ་བཞིན་(ཕྱག་)ལ་(ཕ་ཡག་) (བྱ་) ལ་(བ་ཡག་) (དྲུག་) ལ་(དུ་རུག) སོགས་མཚུངས་ཆོས་མང་པོ་ཡོད་པ་མ་ཟད། གོང་གི་བྷལ་ཏི་ཐ་སྙད་དེ་དག་ལ་དཔྱད་སྐབས་དག་ཆ་རྣམས་སྒྲ་གདངས་ནང་གསལ་པོར་འཐོན་པ་ལྟ་བུ་འདུག བོད་ཡིག་དགེ་རྒན་གཉིས་ལ་གླ་ཕོགས་དགའ་ལྡན་ཕོ་བྲང་ནས་མཐུན་འགྱུར་གནང་བཞིན་ཡོད་པ་ལ་སྤྱིས་གསུངས། ཆབ་སྲིད་ཀྱི་ཐོག་ནས་དེང་སྐབས་བྷལ་ཏི་ས་ཆའི་བརྒྱ་ཆ་བརྒྱད་བཅུ་ཙམ་པ་ཀི་སི་ཐན་ནང་ཡོད་ཅིང་བརྒྱ་ཆ་ཉི་ཤུ་ཙམ་རྒྱ་གར་ནང་ཡོད་འདུག