ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ནས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༨༣ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་རྒྱ་གར་རིག་གཞུང་བསྟི་གནས་ཁང་ India Habitat Centre དུ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་གྱི་དགོང་དྲོ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་ཏེ་རྒྱ་གར་སྐུ་མགྲོན་གྱིས་གཙོས་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་ལུང་པ་བཅུ་བཞིའི་གཞུང་ཚབ་ཀྱི་སྐུ་ཚབ་གྲངས་ ༣༠ ཙམ་དང་། དེ་བཞིན་བོད་པའི་སྐུ་མགྲོན་སོགས་ཁྱོན་མི་གྲངས་ ༢༠༠ ལྷག་ལ་དགོང་དྲོའི་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་དགུང་ལོ་ ༩༢ ལ་ཕེབས་པའི་བགྲེས་སོང་རྒྱ་གར་བ་སྐུ་ཞབས་པདྨ་ཤྲི་ཧར་མན་དྷར་སིང་ Padmashree Har Mander Singh མཆོག་ཡིན་ཞིང་། ཁོང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་བཅས་བོད་ནས་རྒྱ་བོད་ས་མཚམས་འབུམ་སྡེ་ལར་༸ཞབས་སོར་འཁོད་སྐབས་ཕེབས་བསུ་ཞུ་གནང་མཁན་གྲས་ཡིན།
སྐུ་ཞབས་པདྨ་ཤྲི་ཧར་མན་དྷར་སིང་མཆོག་གིས་རྒྱ་གར་གྱི་སྲིད་དོན་པ་དང་། ཤེས་ཡོན་པ། ཚོང་པ། གསར་འགོད་པ། ཕྱི་རྒྱལ་སྐུ་ཚབ་སོགས་ཀྱིས་གཙོས་སྐུ་མགྲོན་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད།
ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་སྐུ་མགྲོན་རྣམས་ཕེབས་བསུ་དང་སྦྲགས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
སྐབས་དེར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བོད་པའི་སྐུ་ཚབ་གནང་སྟེ་སྐུ་ཞབས་པདྨ་ཤྲི་ཧར་མན་དྷར་སིང་མཆོག་ལ་ཆོས་ཀྱི་འཁོར་ལོའི་ཕྱག་རྟགས་ཤིག་ཕུལ་ཡོད་པ་དང་བཅས། །