ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༢ རེས་གཟའ་ཉི་མ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༢ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ་ཟངས་དཀར་སེར་སྐྱ་མང་ཚོགས་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད།
དེ་ཡང་ཐོག་མར་ལམ་སྒྲོན་སློབ་གྲྭའི་སློབ་མ་རྣམས་ཀྱིས་སྐྱབས་འགྲོའི་རྒྱུ་དང་ངོ་བོ། མཚན་ཉིད་སོགས་ཀྱི་ཐོག་རྟགས་གསལ་བཏང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་དོན། དེ་རིང་ཡང་བསྐྱར་ཟངས་དཀར་ལ་ཐེངས་གཅིག་བསླེབས་པ་རེད། ད་ཆ་ངོས་རང་ལོ་ ༨༣ བསླེབས་ཀྱང་ད་རེས་འདིར་བསླེབས་ཐུབ་པ་ཧ་ཅང་དགའ་པོ་བྱུང་། གཙོ་ཆེ་སེར་སྐྱ་མི་མང་རྣམས་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། དེར་བརྟེན་ངོས་ནས་ཀྱང་དད་པ་དང་དམ་ཚིག་གཡོ་བ་མེད་པའི་མི་མང་རྣམས་ཐེངས་གཅིག་ཐུག་ནས་གཙོ་ཆེ་ཤོས་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱ་རྒྱུའི་བསླབ་བྱ་ཚིག་གསུམ་ལྟ་བུ་རེད། གང་ལྟར་མི་ལ་ཕན་ཐོགས་དང་སེམས་པ་སྐྱིད་པོ་ཡོང་རྒྱུའི་ཐོག་ནས་མི་ཚེ་སྐྱིད་པོ་ཡོང་རྒྱུ་དེ་ངོས་ཀྱི་དམིགས་ཡུལ་གཙོ་བོ་རེད། དེ་རིང་དེའི་ཐོག་ཁྱེད་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་།
དེ་བཞིན་ས་གནས་ལས་བྱེད་རྣམས་ཀྱིས་གྲ་སྒྲིག་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། འདི་གར་རྣམ་རྒྱལ་ལགས་དང་། ཟངས་དཀར་རྒྱལ་པོ་ང་ཚོ་སྔ་མོ་ནས་ངོ་ཤེས་རེད། དེ་རིང་ཡང་བསྐྱར་ཐུག་པ་ཧ་ཅང་དགའ་པོ་བྱུང་། ངོས་རང་འཛམ་གླིང་གང་དུ་བསླེབས་ཀྱང་ནན་ཏན་བྱས་ནས་བཤད་རྒྱུ་གཅིག་ནི་ང་ཚོ་མི་ཚང་མ་གཅིག་པ་རེད།
འཛམ་གླིང་འདིའི་སྒང་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད། དེ་དག་ཚང་མ་མི་ཡིན་པ་གཅིག་པ་རེད། གལ་ཆེ་ཤོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་པ་རེད། མིའི་ཀླད་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་དཔྱད་པ་བྱེད་ཡོང་སྐབས་ནུས་པ་ཡོད་པ་གཅིག་གྱུར་རེད། དེར་བརྟེན་ང་ཚོ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་ཆོས་ཉམས་ལེན་བྱེད་མཁན་གཅིག་གིས། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། ཞེས་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་རྒྱུ་ཉིན་རེ་བཞིན་དུ་སྨོན་ལམ་བརྒྱབ། སེམས་སྐྱེས། དམ་བཅའ་བཞག་དེ་འདྲ་བྱེད་བཞིན་ཡོད། དངོས་ཡོད་ཁ་ཡོད་ལག་ཡོད་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་རྒྱུ་ཟེར་རྒྱུ་ནི་འཇིག་རྟེན་གྱི་ཁམས་གྲངས་ཀྱིས་མི་ལངས་པ་གངྒའི་རྡུལ་དང་མཉམ་པ། ཞེས་གསུངས་པ་དེ་དག་དང་ང་ཚོ་འབྲེལ་བ་གང་ཡང་མེད། སྨོན་ལམ་རྒྱག་རྒྱུ་ཙམ་མ་གཏོགས་བྱ་རྒྱུ་གང་ཡང་མེད།
སྲོག་ཆགས་བྱ་རི་དྭགས་སོགས་ལའང་སྨོན་ལམ་རྒྱག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མེད། བྱེད་རྒྱུ་ཡོད་པ་ནི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་རྣམས་ལ་མིའི་ཀླད་པ་གཅིག་པ་ཡོད། སྐད་ཡིག་མི་འདྲ་ཡང་སྐད་ཡིག་ཅིག་ཡོད། ང་ཚོས་བདེ་སྐྱིད་བརྗོད་སྐབས་གཙོ་བོ་སེམས་ཀྱི་བདེ་སྐྱིད་ཡིན་པ་དང་། སྒོ་ལྔའི་ཤེས་པ་ལ་བརྟེན་ནས་ཡིད་ཚིམས་པ་ཡོང་རྒྱུ་འདི་འཕྲལ་སེལ་རེད། སྒོ་ལྔའི་ཤེས་པར་ལྟོས་མི་དགོས་པར་ཡིད་བློ་རང་གི་སྟེང་ནས་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་། བདེ་བ་མང་དུ་གཏོང་རྒྱུ་ཡོད་པའི་ནུས་པ་འདི་མི་ལ་ཡོད། ཆོས་ཁེས་ལེན་མིན་ཇི་འདྲ་ཡིན་ཡང་། གང་ལྟར་བདེ་བ་འདོད་མཁན་གཅིག་པ་རེད། བདེ་སྐྱིད་དེ་གཙོ་བོ་སྒོ་ལྔའི་ཤེས་པ་ཙམ་མིན་པར་གཙོ་བོ་ཡིད་བློར་བརྟེན་པའི་བདེ་སྐྱིད་རེད། དེ་རིང་ཁ་སང་ཡིད་བློའི་བདེ་སྐྱིད་ལ་ཚན་རིག་པས་གཞི་ནས་དོ་སྣང་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ཆོས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱས་པ་དེས་རང་ལ་ཕན་པ་ལྟར་འཛམ་གླིང་ནང་གི་ཆོས་བརྒྱུད་རྒྱ་གར་ནང་ཆ་བཞག་ནའང་གཅེར་བུ་བ་དང་གྲངས་ཅན་པ། རིགས་བྱེད་མཐའ་པ་དང་རྒྱལ་བ་པ། སྤྱོད་པ་བ་ཟེར་བ་ལྟ་བུ་ཆོས་བརྒྱུད་མང་པོ་ཡོད།
དེང་སྐབས་ངོས་དང་འབྲེལ་བ་ཤུགས་ཆེ་བ་འདི་གཅེར་བུ་བའི་ཆོས་བརྒྱུད་རེད། རྟོག་གེ་འབར་བའི་ནང་ལྟ་གྲུབ་མི་འདྲ་བ་དེ་དག་ཧ་ཅང་ཞིབ་ཚགས་པོ་གསུང་ཡོད། དེང་སྐབས་མུ་སྟེགས་པ་ཚོས་དེ་ཙམ་ཞིབ་ཚགས་པོ་བཤད་མཁན་ཉུང་ཉུང་རེད་འདུག རྒྱ་གར་ནང་སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་ཆོས་བརྒྱུད་གང་ཙམ་ཡོད། སངས་རྒྱས་བཅོམ་ལྡན་འདས་བྱུང་ཚར་རྗེས་རིམ་པས་ཇིའུ་ཆོས་བརྒྱུད། དེ་བཞིན་ཡེ་ཤུ་དང་ཁ་ཆེ། སྔ་མོ་ཛོ་ར་ཨ་སི་ཊིན་ Zorastrian ཟེར་བ་པར་ཤི་ཡ་ Persia ནས་བསླེབས་པ་རེད།
དེང་སྐབས་གྲོང་ཁྱེར་མུམ་བྷེའི་ནང་མི་འབུམ་གཅིག་མིན་ཙམ་ལས་མེད་སྟབས་ཉུང་ཉུང་རེད། འོན་ཀྱང་ཞི་བདེ་བག་ཕེབས་ངང་གནས་བཞིན་འདུག དེར་བརྟེན་རྒྱ་གར་ནང་རིས་སུ་མ་ཆད་པའི་རྒྱ་གར་རང་ལ་ཡོད་པའི་ཆོས་བརྒྱུད་དེ་དང་རིས་སུ་མ་ཆད་པའི་འཛམ་གླིང་ཕྱི་ནས་ཡོང་བའི་ཆོས་བརྒྱུད་དེ་དག་ཚང་མ་སྤྱི་ཡོངས་ཆ་ནས་བཤད་པ་ཡིན་ན་ཕལ་ཆེར་ཐུགས་མཐུན་ཁྲིམས་གཙང་ཧ་ཅང་ཡག་པོ་རེད་འདུག མཁས་པ་མཁས་པའི་ནང་ན་མཛེས། ཟེར་བ་ལྟར་ལྟ་གྲུབ་ཐོག་ནས་རྩོད་པ་རྒྱག་རྒྱུ་དེ་འདྲ་སྔ་མོ་ནས་ཡོད།
སྤྱི་ཡོངས་ཐོག་ནས་གཅིག་གིས་གཅིག་ལ་གུས་བརྩི་བྱས། བརྩི་བཀུར་བྱས་དེ་འདྲའི་ཐོག་ནས་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཡོངས་རྫོགས་འཆམ་མཐུན་ངང་གནས་མུས་རེད། དེར་ངོས་རང་ཡིད་འཕྲོག་བཞིན་འདུག ལྷག་པར་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་བཞིན་འདུག འཁྲུག་པ་རྒྱག་བཞིན་འདུག འདི་འདྲ་མཐོང་སྐབས་ཨ་ཙི་ཆག་སྒོ་དཔེ་སྲིད་ཀྱི་མ་རེད། ཆོས་བརྒྱུད་དེ་དག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་ཆོས་ལུགས་ཚང་མས་གསུང་བཞིན་ཡོད།
རྒྱ་གར་ལ་མཚོན་ན་ཆོས་ལུགས་དེ་དག་མཉམ་དུ་གུས་བརྩི་བྱས་ནས་བསྡད་ཡོད། རྒྱ་གར་ལུང་པ་ཆེན་པོ་རེད། ལུང་པ་ཆེན་པོ་ཞིག་གི་ནང་རིས་མེད་ཆོས་བརྒྱུད་དེ་དག་མཉམ་ཟ་མཉམ་འཐུང་བྱས་ནས་སྡོད་ཐུབ་བཞིན་ཡོད་སྟབས། འཛམ་གླིང་གཞན་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་རྩོད་པ་དང་། འཁྲུག་པ་རྒྱག་ཟེར་བ་འདི་ཧ་ཅང་ཐ་ཆད། ཐབས་སྡུག་རེད། དེར་བརྟེན་ངོས་རང་ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་ས་ཆ་གང་སར་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་ཡོང་རྒྱུ་འདི་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།
རྒྱ་གར་ནང་སྲོལ་རྒྱུན་ནས་དར་སྲོལ་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་འདི་འཛམ་གླིང་སྤྱི་ལ་མིག་དཔེ་ཞིག་ཆགས་ཡོད། བྱེ་བྲག་ཏུ་འདིར་ལ་དྭགས་ལ་མཚོན་ན། ཇམ་མུ་ཀ་ཤི་མིར་ཁོངས་ཀྱི་ལ་དྭགས་ལ་མཚོན་ནའང་རེད། འདི་ག་ཟངས་དཀར་ཡིན་ནའང་རེད། གང་ལྟར་ཡེ་ཤུ་དང་ཧིན་དུ་ཉུང་ཉུང་ཡོད་ཤེད་ཆེ། མང་ཆེ་བ་ནང་པ་རེད། དེ་དང་ཆབས་ཅིག་ཁ་ཆེའི་ཆོས་པ་ལ་དྭགས་གླེ་ལ་ཡིན་ནའང་འདུག འདིར་ཡང་འདུག ལྡུམ་ར་ཁུལ་དུའང་འདུག སྤྱི་ཡོངས་ཆ་ནས་འཆམ་མཐུན་ཧ་ཅང་ཡག་པོ་རེད་འདུག རྗེས་སུ་ཡི་རངས་ཡོད། ད་དུང་ཡིན་ནའང་ཁ་ཆེ་ཡིན་ནའང་འདྲ། འདི་གར་ཉེ་འགྲམ་མཚོན་ན་ཁ་ཆེའི་ཚོགས་ཁག་གཅིག་ཡོད། སྤྱི་བྱིངས་དེ་དག་ནང་པ་རེད། གང་ལྟར་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཆོས་ལུགས་མེད་མཁན་ཞིག་ཡིན་ནའང་ང་ཚོ་མི་གཅིག་གྱུར་རེད། ཆོས་དད་ཡོད་མཁན་དེའང་ང་ཚོ་མི་གཅིག་གྱུར་རེད། དཔེར་ན་ཆོས་ལ་ངོ་རྒོལ་བྱེད་མཁན་མི་གཅིག་ཡིན་ནའང་མི་གཅིག་གྱུར་རེད། སངས་རྒྱས་པའི་ཆོས་པ་ཞིག་གིས་བཀའ་འགྱུར་བསྟན་འགྱུར་སློབ་དགོས་བྱུང་ན་བོད་ཡིག་མ་ཤེས་པར་ཐབས་མེད་པ་ཞིག་རེད། མིང་བྷོ་ཊི་ཟེར་བ་སོགས་གང་བཏགས་ཀྱང་དོན་དངོས་ཡོད་བོད་ཡིག་ངེས་པར་དུ་ཤེས་དགོས། ངོས་ཀྱིས་མཐོང་ཆོས་ཉམས་མྱོང་ཐོག་ནས་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་གཅིག ལྟ་གྲུབ་དང་གཉིས། ཚད་མ་རིག་པ་དེ་ཚོ་འགྲེལ་སྐབས་བོད་སྐད་ནང་འགྲེལ་བཤད་བརྒྱབ་པ་ལྟར་སྐད་ཡིག་གཞན་སུས་ཀྱང་རྒྱག་མི་ཐུབ། དེར་བརྟེན་བོད་སྐད་འདི་གལ་ཆེན་པོ་རེད།
བོད་པ་གཅིག་པུས་སྐད་ཆ་མ་རེད། བོད་སྐད་དང་བོད་ཡིག་འདི་གང་ལྟར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྣམ་གཞག་ལ་ཏོག་ཙམ་དོ་སྣང་བྱས་ནས་སྦྱོང་མཁན་ཞིག་ཡིན་ན་བོད་ཡིག་ཤེས་དགོས་པ་ཞིག་རེད་འདུག དེང་སྐབས་རྒྱ་ནག་ནང་གི་མཁས་དབང་དེ་འདྲས་སྤྱིར་ནང་ཆོས་ལ་དོ་སྣང་བསླེབས། ནང་ཆོས་འདི་ཚན་རིག་དང་མཐུན་པའི་ཆོས་རེད་འདུག་ཅེས་དེ་འདྲའི་མཐོང་ཚུལ་ཞིག་དེང་སྐབས་སླེབ་བཞིན་འདུག བོད་ཀྱི་ནང་ཆོས་འདི་ཚན་རིག་དང་མཐུན་པ་ཞིག་དང་། ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་ཞིག་ལ་ངོས་འཛིན་བྱས་ནས་དེར་དོ་སྣང་སླེབ་ཡོང་སྐབས་རྒྱ་ནག་ནང་གི་མཁས་དབང་ཁྲོད་བོད་ཡིག་སློབ་རྒྱུར་དོ་སྣང་བྱེད་མཁན་ཡོང་བཞིན་འདུག དེར་བརྟེན་བོད་ཡིག་ཧ་ཅང་གལ་ཆེན་པོ་རེད་འདུག
མདོ་དོན་སྙིང་པོར་ངོས་ཀྱིས་ཞུ་རྒྱུ་འདི་ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་སྔ་བོད་ནང་ང་ཚོས་ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱབ་པ་དེ་འདྲ་བྱུང་ཡོད། ཅོལ་ཆུང་རེད། གླེན་པ་རེད། མིག་རྒྱང་ཐུང་ཐུང་། བློ་རྒྱ་ཆུང་ཆུང་བྱས་པ་རེད། ད་ཆ་ལ་དྭགས་ནང་ལ་ཡིན་ནའང་རེད། འདིར་ཟངས་དཀར་ནང་ལ་མཚོན་ནའང་ཆོས་བརྒྱུད་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་ཕྲན་བུ་བསམ་བློ་གུ་དོག་པོ་དེ་འདྲ་གལ་སྲིད་ཡོང་བཞིན་ཡོད་ཚེ་འདི་དོར་བྱ་རེད། བསམ་བློ་དེ་འདྲ་རྩ་བ་ནས་གཏོང་མི་རུང་། ཚང་མ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངོས་ཀྱི་ལས་འགན་གསུམ་པ་འདི་བོད་ཀྱི་དོན་དུ་རེད། ངོས་རང་བོད་པ་རེད། ༸རྒྱལ་དབང་གི་མིང་ཡོད། བོད་རྒྱ་ཆེ་མི་མང་བོད་མི་ས་ཡ་དྲུག་ལྷག་ཙམ་གྱིས་ངོས་ལ་རེ་བ་རྒྱག་བཞིན་ཡོད། འོན་ཀྱང་ཆབ་སྲིད་ཀྱི་གནས་ཚུལ་ངོས་ཀྱིས་མཚམས་བཞག་པ་རེད། ཕྱི་ལོ་ ༢༠༠༡ དེ་ནས་ ༢༠༡༡ ནས་ངོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཆ་ཚང་བཞག་པ་ཡིན། དེ་ཙམ་མ་ཟད་༸རྒྱལ་དབང་ན་རིམ་གྱིས་༸གོང་ས་ལྔ་པའི་སྐབས་ནས་བཟུང་༸རྒྱལ་དབང་ན་རིམ་གྱིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ནས་ལོ་ ༤༠༠ ཙམ་ཕྱིན་པ་རེད། ལམ་སྲོལ་དེ་ངོས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་སྤོབས་པ་དང་བཅས་མཚམས་བཞག་པ་ཡིན། དེར་བརྟེན་བླ་མས་ཆབ་སྲིད་ནང་དུ་ཐེ་གཏོགས་ལྟ་བུ་བྱས་ནས་འགྲོ་སྐབས་དེ་སྔ་ང་ཚོའི་ལོ་རྒྱུས་ནང་དུ་མཚོན་ནའང་དེས་བསྟན་པ་ལ་ཕན་རྒྱུའི་ཚབ་ཏུ་བསྟན་པ་ལ་གནོད་ཡོད།
ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་ཡོད། བླ་མའི་ཆབ་སྲིད་ lama politics གཅིག་སླེབ་བཞིན་འདུག ལ་དྭགས་ནང་དུའང་བླ་མའི་ཆབ་སྲིད་ཡོང་བཞིན་ཡོད་པ་ལྟ་བུ་འདུག དེ་ཚོའི་གྲས་མི་དགོས་པ་རེད། དེས་བསྟན་པ་ལ་ཕན་རྒྱུའི་ཚབ་ཏུ་བསྟན་པ་ལ་གནོད་རྒྱུ་རེད། འདི་བསམ་བློ་བྱབ་ཆུང་རེད། མིག་རྒྱང་ཐུང་ཐུང་རེད། བློ་གཏི་ཐུག་བྱས་ནས་བླ་མའི་ཆབ་སྲིད་ཡོང་བཞིན་ཡོད། དེ་ཚོའི་གྲས་རྩ་བ་ནས་མི་དགོས་པ་རེད། བླ་མའི་ཆབ་སྲིད་ལ་ངོས་ཀྱིས་ངོ་རྒོལ་མཐར་ཕྱིན་པ་ཡོད།
ངོས་ཀྱིས་སྒེར་ལ་མི་དགའ་བ་བྱས་པ་གང་ཡང་མེད། སངས་རྒྱས་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞིན་རས་ལ་བསམ་བློ་བཏང་ནས་ང་ཚོ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་ཕན་ཚུན་གཅིག་གིས་གཅིག་ལ་ཆབ་སྲིད་རྩེད་བ་ལྟ་བུ་བྱས་ནས་ཕྱིན་པ་ཡིན་ན་དེ་དག་གང་དགོངས་རྒྱུ་རེད། ༸རྒྱལ་བ་ཞི་ཁྲོ་རབ་འབྱམས་མི་མངོན་དབྱིངས་ནས་གཟིགས་བཞིན་ཡོད། ང་ཚོ་འདིར་ཉུང་ཤས་ཤིག་ཡོད་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་གཅིག་ནས་བསམ་བློ་གཏོང་སྐབས་ཉམས་དམའ་བའི་དུས་ཚོད་རེད།
ང་ཚོ་བོད་ལ་མཚོན་ན་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་ཞིག་སྒང་ལ་ཡོད། དེ་འདྲའི་སྐབས་འདིར་ཉུང་ཤས་ཤིག་ལས་མེད་པ་དེ་དག་གིས་ནང་ཁུལ་ང་དང་ཁོ་ཟེར་ནས་བསྡད་པ་ཡིན་ན་ཇབ་ཆུང་རེད། དངོས་གནས་ཆོས་ལ་བརྟེན་ནས་དགེ་བ་གསོག་རྒྱུའི་ཚབ་ཏུ་ཆོས་ལ་བརྟེན་ནས་སྡིག་པ་གསོག་རྒྱུ་ཞིག་ཆགས་བཞིན་ཡོད། འདི་ཁྱེད་ཚོ་ཚང་མས་བསམ་བློ་གཏོང། ཤེས་པར་བྱོས། ང་ཚོ་མ་འོངས་པར་ཐུག་རྒྱུ་དེ་འདྲ་ཡོང་སྲིད། མུ་མཐུད་ནས་ཐུག་རྒྱུ་བྱུང་ན་ངོས་ཀྱི་སྐད་ཆ་འདི་སྙིང་གཏམ་ཡིན། མ་འོངས་པར་འདི་ཁུལ་ཡོང་རྒྱུ་ཁག་པོ་ཆགས་ན་སྐད་ཆ་འདི་ཁ་ཆེམས་ཡིན། བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་ངོས་ཀྱིས་ནུས་པ་གང་ཡོད་སྟོན་བཞིན་ཡོད། གོང་དུ་ཞུས་པ་ལྟར་བོད་ཡིག་དང་བོད་སྐད་སློབ་རྒྱུ་འདི་བོད་མི་ས་ཡ་དྲུག་ཙམ་གྱི་དོན་དུ་མིན།
སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་བསྟན་པར་བོད་ཡིག་དང་བོད་སྐད་མེད་ཐབས་མེད་པ་ཞིག་རེད། གོང་དུ་ངོས་ཀྱིས་བརྗོད་པ་ལྟར་རྒྱ་ནག་ནང་དུ་རྒྱ་རིགས་མང་པོ་ཞིག་གིས་བོད་ཡིག་དང་བོད་སྐད་ལ་དོ་སྣང་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་སྩལ་དོན། བོད་ཀྱི་དཀའ་ངལ་དེ་རྒྱ་ནག་ཐོག་ནས་ཡོང་བ་རེད། རྒྱ་དང་བོད་ཟེར་བ་དེ་ཉེ་ཆར་གནས་ཚུལ་མིན། ལོ་སྟོང་ཕྲག་གཅིག་གཉིས་རིང་འབྲེལ་བ་ཡོད་པ་ཞིག་རེད། དུས་རབས་བདུན་པ་བརྒྱད་པ་དེ་ཚོའི་སྐབས་དེར་རྒྱ་བོད་ཆོས་ཡོན་གྱི་འབྲེལ་བ་དང་གཉེན་འབྲེལ་ཐོག་ནས་འབྲེལ་བ་ཧ་ཅང་དམ་ཟབ་རེད་འདུག དེ་ནས་རིམ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་ཆོས་ཡོན་གྱི་འབྲེལ་བ་ཆགས་ཡོད།
དེར་བརྟེན་དཀའ་ངལ་འཕྲད་བཞིན་པ་འདི་དུས་ཚོད་ཐུང་ཐུང་རེད། རིམ་བཞིན་ཡལ་འགྲོ་རྒྱུ་རེད། རྒྱ་བོད་ཆོས་ཡོན་དང་གཉེན་འབྲེལ་གྱི་འབྲེལ་བ་དེ་དག་ལོ་ངོ་སྟོང་གི་རིང་བསྡད་པ་རེད། དེར་བརྟེན་རིམ་བཞིན་འགྱུར་བ་འགྲོ་རྒྱུ་རེད། བོད་ཀྱི་གནད་དོན་ཐོག་འགན་ཁུར་ཡོད་པའི་ཆ་ནས་ངོས་ཀྱིས་རྒྱ་རིགས་མི་མང་གང་མང་དང་ཐུག གང་ལྟར་གཅིག་གིས་གཅིག་ལ་གནས་ཚུལ་མ་ཤེས་པ་བྱས་ནས་གང་ལྟར་ཐབས་སྐྱོ་བ་ཞིག་ལ་ད་ལྟ་རྒྱ་ནག་དམར་པོའི་གཞུང་ངམ་གཅིག་བསྡུས་རིང་ལུགས་འོག གསར་འགྱུར་རང་དབང་མེད་པ་བྱས་ནས་ཕྱོགས་གཅིག་གི་གནས་ཚུལ་རྐྱང་རྐྱང་སྒྲོ་བཏགས་ནས་ཤོད་སྐབས་རྒྱ་ནག་མི་མང་མང་པོ་ཞིག་གིས་དངོས་ཡོད་གནས་ཚུལ་ཤེས་ཀྱི་མི་འདུག ངོས་ཀྱིས་ཨ་རི་དང་ཡུ་རོབ་ཁུལ་དུ་རྒྱ་རིགས་སློབ་ཕྲུག་དང་མཁས་དབང་དེ་འདྲ་མང་པོ་དང་ཐུག་གི་ཡོད། ཁོང་ཚོས་རྒྱ་ནག་ནང་དུ་ཡོད་སྐབས་གནས་ཚུལ་གང་གོ་བ་དེ་དང་འཛམ་གླིང་ཕྱི་ལ་རང་དབང་ལུང་པའི་ནང་སླེབས་རྗེས་གནས་ཚུལ་གང་མཐོང་བ་གཉིས་དབར་མི་འདྲ་བ་ཆེན་པོ་འདུག ཅེས་དེ་འདྲ་བརྗོད་མཁན་མང་པོ་འདུག
རིམ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ནས་འཛམ་གླིང་ཕྱི་ལ་ལྟ་སྐོར་འགྲོ་མཁན་མང་པོ་འདུག ཕྱོགས་མཚུངས་སློབ་ཕྲུག་ཧ་ཅང་མང་པོ་འགྲོ་བཞིན་ཡོད། རྒྱ་ནག་རང་གི་ནང་དྲ་ལམ་བརྒྱུད་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད། དེར་བརྟེན་རིམ་བཞིན་གནས་ཚུལ་ཏན་ཏན་འགྱུར་བ་འགྲོ་རྒྱུ་རེད། ཅེས་བཀའ་སློབ་སྩལ་རྗེས་ཐོག་མར་པཎ་གྲུབ་བཅུ་བདུན་གསོལ་འདེབས་བཀའ་ཁྲིད་མཛད། དེ་ནས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དབུ་འཛུགས་མཛད།
སང་ཕྱི་ཚེས་ ༢༣ ཉིན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྗེས་ལ་དྭགས་དགོན་པ་ཚོགས་པ་སོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས།།