ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོ
དེ་ཡང་ཕྱི་ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་སིཌ་ནི་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་ཞུས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་དང་། བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་གནང་བ་ལྟར་ཨོ་སི་ཀྲི་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན། དེ་བཞིན་ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོ་བྱས་ནས་ལོ་ངོ་ཉི་ཤུ་ཕྱིན་པའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་དང་བཅས་དུས་ཆེན་གསུམ་འཛོམས་ཀྱི་མཛད་སྒོ་ཁྱད་པར་བ་དེར་ས་གནས་མི་མང་དྲུག་བརྒྱ་མ་ཟིན་ཙམ་དང་། ཆེད་དུ་གདན་འདྲེན་ཞུས་པའི་གཞུང་དང་གཞུང་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་ཚབ་མི་སྣ།
དེ་བཞིན་ལོ་མང་རིང་གི་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གྲོགས་པོ་གསར་རྙིང་། རྒྱ་རིགས་གྲོགས་པོ། དེ་བཞིན་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས། སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་དང་བཅས་པའི་དམིགས་བསལ་སྐུ་མགྲོན་བསྡོམས་པའི་མི་གྲངས་བརྒྱད་བརྒྱ་ཡན་མན་འཛོམས་པའི་ཐོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གནང་སྟེ། སྐུ་མགྲོན་གྱི་གཙོ་བོར་ཕེབས་པར་རྒྱ་གླིང་རོལ་མོ་དང་བཅས་ཏེ་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་མར་མེ་ཞལ་ཁ་ཕྱེས་པ་དང་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་མཚམས། མཛད་སྒོ་གཙོ་སྐྱོང་བས་ཨིན་བོད་སྐད་གཉིས་ཐོག་འཚམས་འདྲིའི་གསུང་བཤད་ཞུས་ཏེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་།
མཛད་སྒོ་ཁྱད་པར་བ་དེའི་ཐོག་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་འབུལ་རྗེས་རང་རེ་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེའི་མྱ་ངན་ཞུས་པ་དང་། བོད་ཀྱི་སྲོལ་རྒྱུན་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་གནང་སྟེ་རྟེན་འབྲེལ་སྔོན་དུ་བསུས་ཏེ་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་ཕེབས་བསུ་དང་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་ནས་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་སམ་རྒྱལ་སྤྱིའི་ཁྲིམས་ལུགས་སྨྲ་བ་སྐུ་ཞབས་ Honourable John Dowd AO QC མཆོག་གིས་༧སྐུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཤིང་བོད་ཀྱི་དུས་ཚོད་དེ་མགྱོགས་པོ་འཆར་ཡོང་གི་རེད། བོད་པ་ཚོས་རང་གི་ཆོས་དང་རིག་གཞུང་སོགས་བདག་པོ་རྒྱག་ནས་དུས་ཚོད་ཏོག་ཙམ་སྒུག་དགོས་སྐོར་གསུངས་ནས་བོད་མི་ཚོར་ཤ་ཚ་བའི་གཏམ་གྱིས་སེམས་གསོ་འཕར་མ་རེ་གནང་སོང་།
དེ་ནས་༧གོང་ས་མཆོག་གི་ཡུན་རིང་གྲོགས་པོ་ཡེ་ཤུ་ཆོས་དཔོན་ Rev Bill Crews མཆོག་དང་། སྐུ་ཚབ་དོན་གཅོད་ལྷག་པ་མཚོ་མགོ་ལགས། བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་བཅས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཞིང་། ལྷག་པར་བོད་རིགས་མཐུན་ཚོགས་དེ་སྔ་བཞིན་ཚགས་ཚུད་དང་དེ་རིང་གི་མཛད་སྒོ་འདི་བཞིན་ལེགས་པར་འགྲོ་མུས་ཡོད་པར་བསྟོད་བསྔགས་གནང་།
ལོ་མང་ནས་བོད་དོན་ཐོག་དམིགས་བསལ་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། མི་སྒེར་པ་བཅས་ཁྱོན་བསྡོམས་མི་གྲངས་ ༢༦ ལ་ཆེ་མཐོང་ལྡན་པའི་ངང་ནས་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕྱག་འཁྱེར་གནང་བ་དང་། མཐར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་འཇིགས་མེད་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་མཛད་སྒོ་དངོས་གཞི་རྒྱལ་ཁའི་ངང་ནས་གྲོལ།
དེ་ནས་ཉིན་གུང་ཞལ་ལག་གྲུབ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢༌༣༠ ནས་ ༤༌༣༠ བར་ས་གནས་བོད་ཕྲུག་གཞོན་སྐྱེས་དང་བྱིས་པ་ཆུང་ཆུང་ཚོས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བརྒྱུད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་གླུ་གར་གྱིས་མཆོད་དེ་༧རྒྱལ་བའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩིས་ཞུས་པ་དང་། ཉིན་རྒྱབ་ ༤༌༣༠ ནས་ ༥༌༥༠ བར་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་གཙོ་སྐྱོང་འོག་བདེ་སྲུང་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཨོ་སི་ཀྲི་ལི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་གོ་དོན་གཙོ་བོ་ས་གནས་བོད་མི་རྣམས་ལ་ཐུག་འཕྲད་དང་ལམ་སྟོན་གསུང་བཤད་གནང་རྒྱུ་ཡིན་པ་བཞིན། སྐུ་ངོ་རྣམ་གཉིས་ནས་ས་གནས་མི་མང་ཐུག་འཕྲད་གནང་ཞིང་ལམ་སྟོན་གསུང་བཤད་ཟབ་ཅིང་རྒྱས་པ་གནང་བ་མ་ཟད། ས་གནས་མི་མང་གི་དྲི་བ་ཁག་ལ་བཀའ་ལན་གསལ་བཤད་ཁ་གསལ་གནང་བས་སྐུ་ངོ་རྣམ་པ་གཉིས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་དོན་ལྡན་བྱུང་འདུག
དེ་བཞིན་དགོང་དྲོ་ཆུ་ཚོད་ ༦ ནས་ ༩༌༣༠ བར་རྒྱ་རིགས་འབྲེལ་མཐུད་པས་གོ་སྒྲིག་འོག་སྐུ་ངོ་རྣམ་པ་གཉིས་དང་། སྐུ་ཚབ་དོན་གཅོད་བཅས་ནས་རྒྱ་རིགས་གྲོགས་པ་ལྷན་དུ་ཕན་ཚུན་བགྲོ་གླེང་གི་ལས་རིམ་ཡང་གོ་སྒྲིག་གནང་ཡོད།
གོང་གསལ་མཛད་རིམ་གྲུབ་མཚམས་སྐུ་ངོ་རྣམ་གཉིས་ཀྱིས་སིད་ཌི་གཡས་གཡོན་དུ་ལས་རིམ་གཞན་ཁག་གཅིག་གནང་གྲུབ་རྗེས་བདེ་སྲུང་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ ༥༌༣༠ ཐོག་མགྲོན་ཁང་ནས་སིད་ནི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་བསྐྱེལ་ཞུ་རྒྱུ་ཡིན་པ་བཅས།།