ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོ
དེ་ཡང་ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༢༠ ཐོག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཨོ་གླིང་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་ཕེབས་རོགས་འོག ཨོ་གླིང་མེལ་སྦོན་གྲོང་ཁྱེར་ནས་མཁའ་ལམ་བརྒྱུད་ཨོ་གླིང་རྒྱལ་ས་ཁེན་བྷེ་རྭའི་གནམ་ཐང་དུ་འབྱོར་བ་དང་། ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། ཁེན་བྷེ་རྭ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་དངོས་གྲུབ་རྒྱལ་མཚན་ལགས་དང་། དོན་གཅོད་ལས་ཁང་གི་ལས་བྱེད་རྣམ་གཉིས། མང་ཚོགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དགོང་མོ་ཆུ་ཚོད་ ༦།༣༠ ཐོག་ཁེན་བྷེ་རྭ་ The Theo Notaras Multicultural Centre མི་མང་ཚོགས་ཁང་དུ་ཚོགས་གཞོན་བསྟན་འཛིན་གཡུལ་རྒྱལ་ལགས་ཀྱིས་གཙོ་སྐྱོང་འོག སྐུ་ངོ་རྣམ་གཉིས་མང་ཚོགས་ལ་ཐུག་འཕྲད་དང་གསུང་བཤད་གནང་རྒྱུའི་ལས་རིམ་འགོ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། གཞིས་བཞུགས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས། ཚོགས་གཙོ་དངོས་གྲུབ་རྒྱལ་མཚན་ལགས་ཀྱིས་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་དང་ཁེན་བྷེ་རྭ་བོད་རིགས་མཐུན་ཚོགས་ཀྱི་ལས་བསྡོམས་བསྡུས་པ་ངག་ཐོག་དང་ལས་བསྡོམས་རྒྱས་པ་ཡིག་ཐོག་ནས་བཀའ་བློན་དང་དྲུང་ཆེ་རྣམ་པ་གཉིས་སྙན་འབུལ་ཞུས།
དེ་རྗེས་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། ད་ཐེངས་དཔལ་ལྡན་བཀའ་ཤག་ནས་བཀའ་བློན་རྣམ་པ་བོད་མི་གནས་སྡོད་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གོ་སྒྲིག་གནང་བ་བརྒྱུད། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་འབྲེལ་ཡོད་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ནང་མཉམ་ཞུགས་བྱེད་པའི་དགོས་དམིགས་དང་། ད་བར་སྐུ་ངོ་རྣམ་གཉིས་ནིའུ་ཛི་ལན་ཌི་དང་མེལ་སྦོན་བཅས་སུ་ལས་རིམ་ཁག་ལེགས་གྲུབ་བྱུང་བའི་བརྒྱུད་རིམ་ངོ་སྤྲོད་གནང་།
བདེ་སྲུང་བཀའ་བློན་མཆོག་གིས་ད་ཐེངས་བཀའ་ཤག་གིས་གོ་སྒྲིག་གནང་བ་ལྟར། སྐུ་ཉིད་དང་ཕྱག་རོགས་དྲུང་ཆེ་རྣམ་གཉིས་འདི་ཕྱོགས་སུ་ཕེབས་ཏེ་བོད་མི་རྣམས་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་བ་མ་ཟད། དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་བོད་རིགས་མཐུན་ཚོགས་ཁག་གི་ལས་དོན་ཧ་ཅང་ཚགས་ཚུད་ལེགས་པོ་ཡོང་བཞིན་པར་དགའ་ཚོར་དང་ཐུགས་འགུལ་ཐེབས་པ་བྱུང་བའི་སྐོར་དང་། བཀའ་བློན་མཆོག་བོད་ནས་རྒྱ་གར་དུ་འབྱོར་རྗེས་བོད་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པ་དང་། བཀའ་བློན་དུ་བསྐོ་བཞག་གནང་རྗེས་བདེ་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་༧རྒྱལ་བའི་སྐུ་ཕྱྭ་དང་བོད་ནང་གི་གནས་ཚུལ་རྟོག་ཞིབ། བཙན་བྱོལ་སྤྱི་ཚོགས་ནང་གི་བདེ་འཇགས་བཅས་སྐོར་ཆད་ལྷག་འཐུས་ཤོར་མེད་པར་འགྲོ་བཞིན་པ་བཅས་སྐོར་ངོ་སྤྲོད་དང་འབྲེལ། ད་ལྟའི་བཀའ་ཤག་ནས་ལས་དོན་གང་ཅི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱེད་བཞིན་སྐོར་སོགས་ཀྱི་གསུང་བཤད་ཟབ་ཅིང་རྒྱ་ཆེ་བ་གནང་།
དེ་རྗེས་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་བདེ་སྲུང་ལས་ཁུངས་བརྒྱུད་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། འབྲེལ་ཡོད་བཅས་ཨོ་སི་ཀྲི་ལི་ཡར་གཞིས་སྤོ་བྱེད་བཞིན་པའི་ལས་གཞི་དང་འབྲེལ། འདི་ཕྱོགས་སུ་འབྱོར་བའི་བོད་མི་ཚོས་བག་ཆགས་བཟང་པོ་བཞག་པའི་ཉེར་ལེན་ལས། ཨོ་སི་ཀྲི་ལི་ཡ་གཞུང་ནས་གཟིགས་ཚུལ་ཡག་པོ་བྱུང་སྟེ་མི་འགྲོ་ཡང་མང་དུ་གཏོང་བཞིན་པའི་གནས་ཚུལ་བཟང་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། བོད་མི་ཉུང་ཤས་ཤིག་ནས་དྲིན་ལན་ལོག་འཇལ་རང་དོན་ཁོ་ནའི་ཆེད་དུ་རྒྱ་མིའི་གཞུང་ཚབ་དང་འབྲེལ་བ་བྱེད་བཞིན་པའི་གནས་ཚུལ་བདེ་སྲུང་ལས་ཁུངས་ནས་ཞིབ་ཅིང་ཕྲ་བ་ཤེས་ཀྱི་ཡོད་སྐོར་གྱི་གསུང་བཤད་གནང་བ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་སྙིང་གི་ནོར་བུ་ཕེབས་བཞིན་པ་ལྟར། འདི་ཕྱོགས་སུ་འབྱོར་ཚར་བའི་རྗེས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དགོས་པ་གལ་ཆེ་ཡིན་པའི་གསུང་བཤད་གནང་རྗེས། མང་ཚོགས་ནས་བསམ་ཚུལ་དང་དགོངས་འཆར་ཕེབས་པར་བཀའ་བློན་མཆོག་གིས་བཀའ་ལན་ཁ་གསལ་གནང་།
མཐར་ཚོགས་གཞོན་བསྟན་འཛིན་གཡུལ་རྒྱལ་ལགས་དང་། རྒྱུན་ལས་ཨ་ཏི་ཤ་བསྟན་འཛིན་ནོར་འཛོམས་ལགས་རྣམ་གཉིས་ནས་སྐུ་ངོ་རྣམ་པ་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་བ་དང་། མང་ཚོགས་དང་དགོང་ཚིགས་མཉམ་རོལ་གནང་རྗེས་ལས་རིམ་ཁག་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད།
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་སྐུ་ངོ་རྣམ་གཉིས་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གཟིགས་སྐོར་ཕེབས་སྐབས། སྐུ་ཚབ་དོན་གཅོག་མཆོག་གིས་དོན་ཁང་གི་སྔ་ཕྱི་བར་གསུམ་གྱི་ལས་བསྡོམས་དང་། བདེ་སྲུང་ལས་ཁུངས་ནས་དོན་ཁང་ལ་ལས་དོན་མཐུན་འགྱུར་གནང་ཕྱོགས། ལྷག་པར་དོན་ཁང་གི་འདི་ལོའི་ལས་གཞི་དང་མ་འོངས་པའི་བྱེད་འཆར་སྐོར་སྙན་སེང་ཞུས་པར་སྐུ་ངོ་རྣམ་གཉིས་ནས་དོགས་གསལ་ལམ་སྟོན་གནང་རྗེས། སྐུ་ངོ་རྣམ་གཉིས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་སུ་འཚམས་གཟིགས་ཕེབས་པ་དང་། ལས་དོན་གཞན་ཁག་གཅིག་གནང་རྗེས། ནོར་རྭར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཆེད་ཁེན་བྷེ་ར་ནས་ཕྱི་ཚེས་ ༤ ཉིན་སྔ་དྲོ་ཕེབས་ཐོན་གནང་བ་བཅས།།