ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོ
དེ་ནས་ས་གནས་བོད་རིགས་མི་མང་ཐུག་འཕྲད་དང་ལམ་སྟོན་གསུང་བཤད་གནང་ཆེད་ Grattan Garden Community Hall, South Yarra མི་མང་ཚོགས་ཁང་དུ་ཆེད་ཕེབས་གནང་བར་ས་གནས་བོད་མི་ ༡༥༠ ལྷག་གི་ཕེབས་བསུ་གཟབ་རྒྱས་དང་། ཝིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ནས་ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྟེན་འབྲེལ་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས་ཏེ་ཚོགས་ཁང་ནང་དུ་ཞབས་སོར་འཁོད་པར་མི་མང་ཡོངས་ནས་དགའ་བསུའི་འཚམས་འདྲི་ཞུས།
བཀའ་བློན་མཆོག་བཞུགས་གནས་སུ་འཁོད་མཚམས་ལས་རིམ་དངོས་སུ་དབུ་འཛུགས་གནང་བའི་ཐོག་མར་སྐུ་ཚབ་དོན་གཅོད་མཆོག་གིས་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ལ་ས་གནས་མི་མང་ཡོད་དོ་ཅོག་པའི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་དུས་མཚུངས་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་མི་མང་ལ་སྙན་སྒྲོན་གནང་།
དེ་ནས་བདེ་སྲུང་བཀའ་བློན་བླ་གྲང་འཕགས་པ་ཚེ་རིང་མཆོག་གིས་ས་གནས་མི་མང་ལ་དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཁག་གི་ངོ་སྤྲོད་སྙིང་བསྡུས་དང་ལས་ཁུངས་དེ་དག་གི་ནང་དུ་དཔལ་ལྡན་བཀའ་ཤག་གི་དབུ་ཁྲིད་འོག་ལས་དོན་ཆེ་ཁག་འགྲོ་དང་འགྲོ་མུས་ཇི་ཡོད་བཅས་ཀྱི་སྐོར་ངོ་སྤྲོད་དང་། ལྷག་པར་སྐུ་ཉིད་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་མུས་ཡིན་པས་ལས་ཁུངས་ཀྱི་ལས་དོན་གལ་གནད་ཆེ་ཁག་གི་ཐོག་འགྲེལ་བརྗོད་གནང་།
དེ་ནས་མུ་མཐུད་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ཨོ་གླིང་དུ་བོད་མི་གཞིས་སྤོས་ལས་གཞིའི་གནས་སྟངས་དང་། ད་བར་ལས་གཞི་དེའི་བརྒྱུད་གཞིས་སྤོས་སུ་ཕེབས་པ་རྣམས་ལ་ལས་གཞིའི་ཁོངས་སུ་ཚུད་སྐབས་བདེ་སྲུང་ལས་ཁུངས་ནས་གནང་བའི་ལམ་སྟོན་དེ་དག་དྲན་སྐུལ་ཞུས་པ་དང་། ལྷག་པར་ད་བར་རང་གཞུང་གིས་རང་ཡུལ་དུ་བོད་མིའི་ཐབས་རྩོད་ཀྱི་ལས་གཞི་རིམ་པའི་ནང་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་གནང་མཁན་རྣམས་ལ་ཆེ་མཐོང་དང་དམིགས་བསལ་གཟིགས་སྐྱོང་གནང་དང་གནང་མུས་སུ་ཡིན་པས། དེ་ཁོངས་སུ་ཕེབས་པའི་བོད་མི་རྣམས་ནས་ངེས་པར་དུ་ཡིད་ཟབ་དང་། དེ་བཞིན་རྐང་རྗེས་ལག་སུབ་མ་གནང་བའི་འབོད་སྐུལ་ནན་པོ་གནང་། དེ་བཞིན་བོད་མི་ན་གཞོན་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་ཐུབ་པའི་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་།
དེ་ནས་ཁོང་རྣམ་གཉིས་ཀྱིས་མི་མང་གི་དགོངས་འཆར་དང་། ཐུགས་རེ། དྲི་བ་ཁག་ས་གསན་ཞིབ་གནང་བ་དང་སྦྲགས་དགོས་གལ་གཟིགས་པའི་གནད་དོན་ཁག་ལ་བཀའ་ལན་གཟབ་རྒྱས་གནང་རྗེས་མི་མང་དང་ལྷན་དུ་གསོལ་ཚིགས་ཀྱི་ལས་རིམ་བསྐྱངས། མཐའ་མར་ཝིག་ཊོ་རི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བློ་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཚམས་ས་གནས་བོད་མི་མང་དང་ཐུགས་འཕྲད་ཀྱི་ལས་རིམ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ལས་རིམ་གཞན་ཁག་གཅིག་བསྐྱངས་མཚམས་ཉིན་དགུང་ཆུ་ཚོད་ ༢༌༡༥ ཐོག་མེལ་སྦོན་གནམ་ཐང་ནས་ཨོ་སི་ཀྲི་ལི་ཡའི་རྒྱལ་ས་ཀེན་སྦེ་རར་ཕེབས་ཐོན་གནང་ཡོད་པ་བཅས།།